འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གླུ་གར་འཁྲབ་གཞུང་ཀྲུང་གོའི་རྒྱལ་ཁབ་ཟློས་གར་ཆེ་མོ་ཁང་དུ་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་14ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་མཐུན་ཚོགས་ཀྱིས་བཏོན་པའི་བོད་ཀྱི་གླུ་གར་འཁྲབ་གཞུང་《ཕུགས་འདུན་འགྲུབ་པ་》ཞེས་པ་དེ་ཉེ་ཆར་རྒྱལ་ཁབ་ཟློས་གར་ཆེ་མོ་ཁང་དུ་འཁྲབ་སྟོན་བྱས་པ་རེད།
         གླུ་གར་འཁྲབ་གཞུང་《ཕུགས་འདུན་འགྲུབ་པ་》ཞེས་པ་དེ་དངོས་བྱུང་གཏམ་རྒྱུད་ལས་བཅོས་སྒྲིག་བྱས་པ་ཞིག་ཡིན་པ་དང་དེའི་ནང་རྒྱ་རིགས་པར་ལེན་གསར་འགོད་པ་ཞིག་བོད་ཀྱི་ལྟེ་བའི་ཁུལ་དུ་བཅར་འདྲིར་སྐྱོད་སྐབས་ཁ་བ་བུ་ཡུག་ཁྲོད་ལུས་པའི་དཀའ་ངལ་འཕྲད་པ་དང་རྗེས་སུ་བོད་རིགས་སྤུན་ཟླས་སྲོག་བསྐྱབས་ཡོད་པ་རེད། དེའི་རིང་ཁོང་ལ་ནད་གཞི་ལྕི་པོ་ཕོག་པའི་བོད་རིགས་བུ་མོ་ཞིག་འཕྲད་པ་དང་ཕྱོགས་བཞི་མཚམས་བརྒྱད་དུ་བསྐྱོད་དེ་བུ་མོ་དེའི་ནད་གཞི་བཅོས་ཐབས་བྱས་རུང་ཕན་འབྲས་དེ་ཙམ་ཐོན་མེད། མཐར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བུ་མོ་དེ་ནང་སར་འཁྲིད་དེ་ནད་གཞི་མཐར་ཕྱིན་པ་བཅོས་ཡོད་པའི་སྐོར་བརྗོད་ཡོད་པ་རེད།
        གླུ་གར་འཁྲབ་གཞུང་《ཕུགས་འདུན་འགྲུབ་པ་》ཞེས་པའི་པར་གཞི་འདོན་མཁན་ཀྲང་ཡོན་གྱིས་དུས་ཡུན་ཉིན་གཉིས་ཀྱི་ཕབ་བཟོའི་བརྒྱུད་རིམ་ནང་རོལ་དབྱངས་མཁས་ཅན་རྣམ་པས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རོལ་དབྱངས་གསར་རྩོམ་ལས་ལ་ཞུགས་པ་དང་ངལ་གསོའི་དུས་ཚོད་དུའང་གླུ་གར་འཁྲབ་གཞུང་དེའི་རོལ་དབྱངས་དུམ་མཚམས་གཏོང་གི་འདུག བཀོད་འདོམས་པ་ཨན་ཏེ་ལུའུ·པུའུ་ལང་གིས“རྣམ་པ་དེ་འདྲ་རྒྱུན་དུ་མཐོང་དཀའ་བ་ཞིག་ཡོད། དེ་ཐོག་ནས་གསར་རྩོམ་དེ་གྲུབ་འབྲས་ཐོན་པ་ཞིག་ཡོང་སྲིད”ཅེས་བཤད།
         བོད་རིགས་ཀྱི་གདོད་མའི་སྣོད་བཅུད་གླུ་གར་རྒྱལ་སྤྱིའི་ཐོག་འཁྲབ་སྟོན་ཐུབ་པ་བྱེད་ཆེད་ཀྲང་ཡོན་དང་པར་ཐེ། དབྱང་ཀེ་ཧྥང་། ཉིའུ་གཡོད་གྲོང་ཁྱེར་སློབ་ཆེན་བཙུན་མོའི་སློབ་གླིང་ཞབས་བྲོ་ཚན་ཁག་གི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་དབྱིན་མེ་བཅས་ཀྱིས་སྔ་རྗེས་སུ་དམངས་གཞས་འཚོལ་བསྡུ་རུ་ཁག་བཞི་བཙུགས་ནས་ལྷ་ས་དང་དཔལ་མགོན་སོགས་སུ་སྣོད་བཅུད་རོལ་དབྱངས་ཀྱི་རྒྱུ་ཆ་འཚོལ་བསྡུ་བྱས་པ་དང་དེའི་ནང་ཞིང་ནང་དང་མུ་ཁར་བཏང་བའི་ལ་གླུ་དང་ཡུལ་མི་འདུ་འཛོམས་གླུ་གར་འཁྲབ་སྟོན་ཡོད་པ་མ་ཟད། ཐ་ན་ཕྲུ་གུ་སློབ་གྲྭར་བསྐྱོད་སྐབས་གྱེར་གཏོང་བྱེད་པའི་གཞས་ཐུང་དང་དེ་བཞིན་གདོད་མའི་རྣམ་པའི་སྣོད་བཅུད་བྲོ་གར་ཡང་ཡོད་པ་རེད།
         ད་དུང་ཁོང་ཚོས་དགུང་ལོ་83ལ་ཕེབས་པའི་སྐད་གྲགས་ཆེ་བའི་རོལ་དབྱངས་རྩོམ་མཁན་ལུའོ་ཉེ་དབྱི་མཇལ་བར་བསྐྱོད་དེ་རོལ་དབྱངས་ཀྱི་རྟོགས་པ་ཆེན་པོ་ལྡན་པའི་བགྲེས་སོང་དེའི་ས་ནས་བོད་ཀྱི་རོལ་དབྱངས་ཀྱི་ཁྱད་ཆོས་དང་ཆོས་ཉིད་བཀའ་འདྲི་ཞུས་པ་རེད།
         དཔའ་ཐར་གྱིས་《ཕུགས་འདུན་འགྲུབ་པ་》ཞེས་པར་གསར་རྩོམ་བྱས་པའི་སྔོན་འགྲོའི་རོལ་དབྱངས་ཉན་རྗེས་མཉམ་སྒྲོག་རོལ་དབྱངས་ཐོས་མྱོང་མེད་པའི་ལྷ་སའི་ཞོལ་པ་ལྷ་མོ་ཚོགས་པའི་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་པ་བསྟན་འཛིན་ཡེ་ཤེས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“དེ་ནི་ངའི་ཕ་ཡུལ་གྱི་རོལ་དབྱངས་རེད་འདུག”ཅེས་བརྗོད་པ་དང་སྲོལ་རྒྱུན་གྱི་སྟོད་གཞས་རོལ་དབྱངས་དེ་ལྟར་དཀྲོལ་གཏོང་བྱས་པར་ཧང་སངས་པར་གྱུར།
         “ནུབ་ཕྱོགས་ཀྱི་མཉམ་སྒྲོག་རོལ་དབྱངས་ཉན་རྒྱུར་དགའ་བའི་ལྟད་མོ་བ་ཚོས་ཐུན་མིན་ཁྱད་ཆོས་ལྡན་པའི་བོད་ཀྱི་རོལ་དབྱངས་མྱོང་རོལ་ཐུབ་པ་བྱེད་ཆེད་གསར་རྩོམ་ཚོགས་པས་ཐད་ཀར་ལྷ་ས་དང་དཔལ་མགོན་སོགས་ས་ཆའི་སྣོད་བཅུད་རོལ་དབྱངས་བསྡུ་ལེན་བྱས་ཡོད་པ་མ་ཟད། ད་དུང་མཉམ་སྒྲོག་རོལ་དབྱངས་གསར་རྩོམ་བྱེད་པའི་བརྒྱུད་རིམ་ནང་བོད་ཀྱི་རོལ་མོའི་ཆོས་ཉིད་ལ་བརྩི་སྲུང་ནན་པོ་ཞུས་ཡོད”ཅེས་ཀྲང་ཡོན་གྱིས་བཤད།
         དབྱང་ཀེ་ཧྥང་གིས་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཞབས་བྲོ་གསར་རྩོམ་མཁན་ནམ་ཡང་ན་རོལ་དབྱངས་རྩོམ་མཁན་གྱིས་རང་ཉིད“བོད་ཀྱི་རོལ་དབྱངས་སྦྱོང་མཁན”ཞིག་ཏུ་བརྩི་གི་ཡོད་ཅེས་བཤད།
         དབྱང་ཀེ་ཧྥང་གིས་རོལ་དབྱངས་ནི་རྒྱལ་མཚམས་མེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད། རིགས་རྒྱུད་དང་རིག་གནས་ཀྱི་ཚོད་འཛིན་ལས་སྒྲོལ་ཚེ་རོལ་དབྱངས་དེའང་ཀྲུང་གོའི་སྒྱུ་རྩལ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་ཐད་ཚད་བརྒལ་བྱུང་སླ་བའི་ཁྱབ་ཁོངས་ཞིག་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།