མི་དམངས་དྲ་བ།

༄༅།།ཀྲང་ཀའོ་ལི་ཡིས་གྲོང་ཁྱེར་འཆར་འགོད་བྱེད་སྐབས་ས་ཁོངས་རང་བཞིན་དང་མི་རིགས་
རང་བཞིན་དང་དུས་རབས་ཀྱི་རྣམ་པ་མངོན་པར་བྱ་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་17ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན་ནས་ཚེས་16ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་ཧང་ཀྲོའུ་གྲོང་ཁྱེར་དུ་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཚེས་16ཉིན་སྐོང་འཚོགས་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཀྲང་ཀའོ་ལི་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཆུ་ཚད་དེ་གྲོང་མིའི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད་པ་མ་ཟད། གྲོང་ཁྱེར་གྱི་སྐྱེ་སྟོབས་གནས་ས་ཡང་ཡིན་པས། ངེས་པར་དུ་ལོ་རྒྱུས་དང་མི་དམངས་ལ་འགན་ནན་ཏན་འཁུར་བའི་སྤྱོད་ཚུལ་བཟུང་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་དང་། ཙུང་ལི་ལི་ཁེ་ཆང་གིས་ཀྱང་མཆན་བཀོད་མཛུབ་སྟོན་གནང་སྟེ་བླང་བྱ་གསལ་པོ་བཏོན་གནང་བ་རེད། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ལས་དོན་ལེགས་པར་སྒྲུབ་པ་དེས་གྲོང་ཁྱེར་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་དང་། ༼གྲོང་ཁྱེར་གྱི་སྐྱོན་༽བཅོས་སྐྱོང་ནུས་ལྡན་བྱ་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཅིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ལ་གལ་འགངས་ཧ་ཅང་ཆེ་བ་ཡིན་པས། ང་ཚོས་ངེས་པར་དུ་འགན་འཁྲིའི་བསམ་པ་དང་འགན་འཁུར་བའི་བསམ་པ་འཆང་ཤུགས་སྔར་ལས་ཆེ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་བྱ་དགོས་ཞེས་གསུངས་པ་རེད།