འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་11ཉིན།

༄༅།།རྒྱང་ལམ་གསར་པར་འབད་བརྩོན་གྱིས། དུས་རབས་གསར་པར་བྱས་རྗེས་འཇོག འཐུས་མི་དང་ཨུ་ཡོན་གྱིས་
རྒྱལ་ཇུས་གླེང་བ།

མི་རྣམས་ཧང་སངས་དགོས་པའི་ངོ་མཚར་ཆེ་བའི་བྱས་རྗེས་གསར་པ་མུ་མཐུད་འཇོག་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་11ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ།
    མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་སེམས་གཅིག་སྒྲིལ་བྱས་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཚེ། ང་ཚོས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཏེ། མི་རྣམས་ཧང་སངས་དགོས་པའི་ངོ་མཚར་ཆེ་བའི་བྱས་རྗེས་གསར་པ་མུ་མཐུད་གཏོད་ཐུབ་ངེས་རེད།
    —— ཞི་ཅིན་ཕིང་།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་སེམས་གཅིག་སྒྲིལ་བྱས་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཚེ། ང་ཚོས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཏེ། མི་རྣམས་ཧང་སངས་དགོས་པའི་ངོ་མཚར་ཆེ་བའི་བྱས་རྗེས་གསར་པ་མུ་མཐུད་གཏོད་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
     ལོ་ངོ་བརྒྱའི་རིང་། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པ་དང་། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་མངོན་གསལ་ཆེ་ཤོས་ཀྱི་བསམ་པའི་མཚོན་རྟགས་ཤིག་རེད། འཐུས་མི་དང་ཨུ་ཡོན་ཚོས་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་འབད་འཐབ་བྱས་ནས་འབྱུང་འགྱུར་གཏོད་དགོས། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་གཏོད་རྒྱུ་མ་ཟད། ད་དུང་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་གཏོད་རྒྱུ་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱུགས་འབུལ་ལམ་བུ་གསར་པར་ཡག་པོ་བསྐྱོད་པར། སྔར་བས་མཐུན་སྒྲིལ་བྱེད་པ་དང་གོང་བུ་གཅིག་ཏུ་སྒྲིལ་བ་དང་། བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་རྒྱག་པ། དམངས་སེམས་གཅིག་མཐུན་གྱི་སྟོབས་ཤུགས་རླབས་པོ་ཆེ་གཅིག་ཏུ་འདུ་བ། བློ་སྟོབས་ཆེན་པོས་འབད་འཐབ་བྱེད་པའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཡིད་ཆེས་སྔར་ལས་ཆེ་བའི་སྒོ་ནས་རྒྱང་ལམ་གསར་པར་འབད་བརྩོན་གྱིས་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་ཞེས་གསུངས་པ་རེད།
      ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས།
    “ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པ་ཡིན་ནའང་འདྲ་ཡང་ན་འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཤིག་གཉེར་བ་གང་ཞིག་ཡིན་རུང་། ལག་ལེན་མང་པོ་ཞིག་ལས་འཛམ་གླིང་སྐྱེ་བོ་ཀུན་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཐད་ཀར་མྱོང་ཚོར་ཐུབ་ནས། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་སྔར་བས་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ཡོད། མིག་སྔའི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ནས། ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་སྟབས་བརྟན་པོས་སྐྱོད་དགོས”ཞེས་པེ་ཅིང་སློབ་ཆེན་རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་གི་ཡོན་ཀྲང་དང་འཐུས་མི་ཀུའུ་ཅི་ཡིས་གསུངས་པ་རེད།
   “ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ང་ཚོས་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བའི་ཀ་བ་ལྟ་བུ་ཡིན་ལ། བྱ་གཞག་ཁག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་རེད། རྒྱང་ལམ་གསར་པར་ཏང་གི་བསམ་བློའི་སྣེ་ཁྲིད་དེ། ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགྱུར་མེད་ཀྱི་དད་སེམས་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་བསྒྱུར་རྒྱུར་མུ་མཐུད་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་ཡིན”ཞེས་ཨན་ཀང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་འཐུས་མི་ཐེན་ཀྲང་ཤུས་ཀྱིས་གསུངས་པ་རེད།
     “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས། རྒྱལ་ཁབ་དར་རྒྱས་དང་། སྤྱི་ཚོགས་བདེ་འཇགས། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་བྱུང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཁྱབ་པ་བྱས་ནས། ‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད’ཅེས་པའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་ཧུར་ཐག་བསྡུ་དགོས”ཞེས་བོད་ལྗོངས་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་། ཨུ་ཡོན་བཅས་ཡིན་པའི་ཁྲེན་ཅུན་གྱིས་གསུངས་པ་རེད།
    ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལྡེམ་ཤུགས་དང་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་དགོས།
    “རང་རྒྱལ་གྱི་དཔལ་འབྱོར་དངོས་ཚན་གྱི་གྲངས་འབོར་མང་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཡངས་པ་མ་ཟད། ད་དུང་གཞི་ཁྱོན་ཆེ་བའི་ཁྲོམ་ར་ཡང་ཡོད་པས། དུས་ཡུན་རིང་པོར་ལེགས་ཕྱོགས་སུ་སྐྱོད་པའི་གཞི་རྩའི་ཆར་འགྱུར་ལྡོག་ཕྱིན་མེད་ལ་འགྱུར་ལྡོག་ཀྱང་འགྲོ་མི་སྲིད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བཏོད་ནས་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་སྙོམས། དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་འབད་བརྩོན་བྱེད་དགོས”ཞེས་ཧྲན་ཏུང་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་འཐུས་མི་ཀྲང་ཝུའེ་གོ་ཡིས་གསུངས་པ་རེད།
    “རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་ལེགས་ཆ་དང་ནང་མཁོའི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཡག་པོ་བྱས་ཏེ་གཅིག་གྱུར་དང་། སྒོ་དབྱེ། འགྲན་རྩོད། གོ་རིམ་ལྡན་པ་བཅས་ཀྱི་རྒྱལ་ནང་གི་ཁྲོམ་ར་བསྐྲུན་ནས། རང་རྒྱལ་གྱི“གཞི་ཁྱོན་ཆེ་བའི་ཁྲོམ་ར”དེ་བས་ཆེ་རུ་གཏོང་དགོས་པ་དང་། དེ་དང་ཆབས་ཅིག་ཆུ་ཚད་མཐོ་བའི་སྒོ་དབྱེ་མཐའ་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་གཉེར་སྐྱོང་ནུས་པ་དང་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ནང་གི་འཁོར་རྒྱུག་དང་རྒྱལ་སྤྱིའི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས”ཞེས་ཧུའུ་པེ་དགེ་སློབ་སློབ་གླིང་གཉིས་པའི་ཡོན་ཀྲང་དང་འཐུས་མི་ཀྲང་ཅུན་གྱིས་གསུངས་པ་རེད།
    “འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཞིག་དང་། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་རེད། ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཉིད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཁྲོད་མཉམ་འདྲེས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་པའི་དམིགས་ཚད་ལ་དམིགས་ནས། འགག་རྩའི་རྒྱུ་ཆའི་བཟོ་ལས་ཅན་གྱི་ཐོན་ཚད་མངོན་འགྱུར་ཡོང་བ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་རམ་འདེགས་བྱེད་དགོས”ཞེས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། ཀྲུང་གོ་ཨར་ལས་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ། འཐུས་མི་བཅས་ཡིན་པའི་ཕེང་ཧྲོའུ་ཡིས་གསུངས་པ་རེད།
    མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
     མི་སེར་གྱི་ཟས་གོས་འགྲོ་སྡོད་སོགས་དམངས་འཚོའི་དགོས་མཁོ་དེ་བས་ལེགས་པ་བསྐངས་ཚེ། སྤྱི་ཚོགས་ཧྲིལ་པོའི་ཁོར་ཡུག་བརྟན་ལྷིང་དང་ཞི་མཐུན་རྒྱུན་འཁྱོངས་ཐུབ་པར་གཞི་ནས་ཕན་པ་ཡོང་ཐུབ། ང་ཚོས་ཞིང་ལས་ཚན་རྩལ་གྱི་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་འཁོར་རྒྱུག་གི་ཐོན་ལས་འཁོར་སྦྲེལ་བསྐྲུན་མགྱོགས་སུ་བཏང་སྟེ་ལྗང་མདོག་སྐྱེ་ཁམས་དང་ཚན་རྩལ་གསར་གཏོད་མཉམ་དུ་འཕེལ་རྒྱས་གཏོང་བའི་དེང་རབས་ཞིང་ལས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས”ཞེས་ཧྭ་ཡུས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་འཐུས་མི་ཝང་ལན་ཙེང་གིས་གསུངས་པ་རེད།
     “གྲོང་ཁྱེར་ནི་མིའི་རིགས་ཀྱི་བྱེད་སྒོ་སྤེལ་བའི་ས་ཁོངས་གལ་ཆེན་ཞིག་ཡིན་ཞིང་། གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད། གྲོང་ཁྱེར་ནི་མི་དམངས་ལ་དབང་བ་དང་། གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཚོ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་དགོས། གྲོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་དོ་ཁུར་བྱེད་པའི་སྤྱི་པའི་བདེ་འཇགས་དང་། ཁེ་དབང་འགན་སྲུང་། གཞུང་དྲང་དྲང་བདེན་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་པེ་ཅིང་གྲོང་ཁྱེར་གྲོང་སྲིད་ལས་གྲྭ་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དང་འཐུས་མི་ཐེན་ཁྲུན་ཡན་གྱིས་གསུངས་པ་རེད།
    “འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱ་རྒྱུ་ནི་དོན་ཆེན་ཞིག་རེད། སྡེ་ཁུལ་ཆུང་ཡང་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས་སྡེ་ཁུལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་དེ་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་འཇོག་དགོས། སྡེ་ཁུལ་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པར་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། བཅོས་སྐྱོང་བྱེད་སྟངས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཁུལ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། རྣམ་པ་སྣ་ཚོགས་བརྒྱུད་དོ་དམ་གྱི་འབྲེལ་ཐག་སྣུར་སྲིང་བྱེད་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས ”ཞེས་ཧྥུའུ་ཅན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཡན་ཁོ་ཧྲི་ཡིས་གསུངས་པ་རེད།
    “རང་རེའི་ཏང་ལོ་ངོ་བརྒྱ་སོང་ཡང་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། དཀའ་སྡུག་ཚད་མེད་མྱངས་རུང་སྔར་བཞིན་ཉམས་པ་མེད་པ་ནི་གསར་བརྗེ་དང་སྲོག་འབེན་འཛུགས་ཀྱི་སྙིང་སྟོབས་ཆེན་པོ་དག་ལ་བརྟེན་ནས་བྱུང་བ་ཞིག་རེད། མིག་སྔའི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་ང་ཚོས་སྙིང་སྟོབས་རླབས་པོ་ཆེ་མུ་མཐུད་དར་སྤེལ་གཏོང་དགོས་པ་མ་ཟད། དེ་དང་ཆབས་ཅིག་ལོ་རྒྱུས་ཀྱི་གདེང་ཚོད་ཀྱང་ཆེ་རུ་གཏོང་དགོས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་རྒྱང་ལམ་གསར་པར་ཧུར་ཐག་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྙིང་སྟོབས་འཕེལ་བར་བྱེད་དགོས”ཞེས་ཧྲན་ཤིས་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཨུ་ཡོན་ཝང་ཨའེ་ཆིན་གྱིས་གསུངས་པ་རེད།
    “ང་ཚོས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བས། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་། ལ་རྒྱ། ངར་ཤུགས་བཅས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། གྲོང་རྡལ་དུ་སྤྱི་ཡོངས་དབུལ་སྒྲོལ་ཐུབ་ནས་ཆུ་ཀ་ལ་དང་འཕྲིན་གཏོང་དྲ་རྒྱ་སོགས་དུད་ཚང་དུ་ཁྱབ་ཚད་100%ཟིན་ཏེ་གྲོང་མི་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད”ཅེས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུའུ་ས་ཁུལ་ཝུན་སུའུ་རྫོང་ཐུའུ་མུའུ་ཤིའུ་ཁེ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ལེའོ་ཁྲའོ་དབྱང་གིས་གསུངས་པ་རེད།
    “གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། མཐོ་སློབ་ཀྱིས་ཕུགས་བསམ་དང་དད་སེམས་ལྡན་པ་དང་ཀུན་སྤྱོད་དང་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་གཏོད་དགོས་པ་དང་ཆབས་ཅིག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་མཉམ་འདྲེས་བྱས་ཏེ། ཡུན་རིང་གསོ་སྐྱོང་གི་ལམ་སྲོལ་ཆགས་པར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་བསམ་པའི་སྟོབས་ཤུགས་བརྟན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས”ཞེས་ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་དང་། བྱང་ཤར་དགེ་འོས་སློབ་ཆེན་གྱི་སློབ་སྤྱི། འཐུས་མི་བཅས་ཡིན་པའི་ལིའུ་དབྱི་ཁྲུན་གྱིས་གསུངས་པ་རེད།