འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་5ཉིན།

༄༅།།རིམས་འགོག་འགན་འཁྲི་ཕྲག་ཏུ་འཁུར། ཚོད་བགམ་ཆེན་པོར་ངོ་མཚར་ངོམས།

འཐུས་མི་ཝང་ལེན་གྱིས་ས་ཕྱོགས་གང་སར་བསྐྱོད་དེ་རང་འགན་ཧུར་གྱིས་བསྒྲུབས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་05ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    པེ་ཅིང་དུ་ཚོགས་འདུར་མ་ཞུགས་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝུའུ་ཧན་ཟུངས་ཁྲག་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཧྥེང་སྔར་བཞིན་ས་ཕྱོགས་གང་སར་བསྐྱོད་དེ་ཕྱོགས་གཅིག་ནས་ཁྲག་སྦྱིན་འབུལ་གྱི་སྒྲིག་འཛུགས་དྲིལ་བསྒྲགས་ལས་དོན་སྤེལ་བའི་མཐུན་སྦྱོར་གནང་བ་དང་། ཕྱོགས་གཞན་ཞིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ནད་ཐོག་སྨན་བཅོས་ཟུང་འབྲེལ་ནུས་ལྡན་བྱེད་པའི་གནད་དོན་ལ་བརྟག་ཞིབ་གནང་ཞིང་། དེ་ནི་ཁོང་གིས་ལོ་གཅིག་ལྷམ་ཙམ་རིང་སྙིང་རུས་ཆེན་པོས་བརྩོན་ཞིབ་གནང་སའི་ཞིབ་འཇུག་བྱ་གཞི་ཞིག་རེད།
   ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཝང་ཧྥེང་གིས་ལས་རོགས་ཚོ་ཁྲིད་དེ་ཛ་དྲག་ངང་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་གནང་ནས་རིམས་འགོག་རིང་ཟུངས་ཁྲག་མཁོ་འདོན་དང་ཁྲག་གི་བདེ་འཇགས་འགན་ལེན་ཧུར་ཐག་གནང་བ་རེད། ན་ནིང་ཟླ་2ཚེས་29ཉིན་ཝང་ཧྥེང་ཝུའུ་ཧན་གྱི་ཧོ་ཧྲེན་ཧྲན་སྨན་ཁང་དུ་ཕེབས། “སྨན་ཁང་དུ་ནད་པ་སྐྱོབ་བཅོས་ཀྱི་ཉིན་45ནི་ངས་ནམ་ཡང་བརྗེད་ཐབས་མེད་པའི་བྱ་བ་ཞིག་རེད། འཐབ་གྲོགས་ཚོའི་ངོ་གདོང་ལ་ཁ་རས་ཀྱི་པར་རྗེས་ཡོད་པ་དང་འགོག་སྲུང་གྱོན་ཆས་ཀྱིས་ལུས་པོ་རྔུལ་ཆུས་འཚོས་ཀྱང་ད་དུང་སྔར་བཞིན་ལས་ཀ་བྱེད་པའི་སྣང་ཚུལ་དེས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་མི་ཐེབས་ག་ལ་སྲིད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། ངས་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་དང་ལྷག་པར་དུ་སྨན་ཁང་དང་ཟུང་འབྲེལ་བྱེད་པའི་ཐད་ད་དུང་ལེགས་བཅོས་བྱེད་དགོས་པའི་གནད་དོན་གང་ཡོད་མེད་ལ་ལྟ་ཞིབ་དང་བསམ་བློ་གཏོང་གི་ཡོད”ཅེས་ཝང་ཧྥེང་གིས་གསུངས།
   ཕྱོགས་བཞི་མཚམས་བརྒྱད་དུ་ཕེབས་ཏེ་འགན་འཁྲི་དང་དུ་བླངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་བདེ་ཐང་འགོག་སྲུང་འཛིང་རགས་བརྟན་པོར་བསྲུངས། ཝུའུ་ཧན་གྱི་རིམས་ནད་གནས་ཚུལ་ལེགས་སུ་ཕྱིན་རྗེས། ཝང་ཧྥེང་གིས་སྨན་བཅོས་སྒྲིག་གཞི་དང་སྡེ་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་པའི་ལས་ལ་གཞོལ། རིམས་ནད་ཀྱི་སྔོན་བརྡ་གཏོང་བ་དང་། ནད་པ་གྲལ་བཤེར། སྨན་ཁང་བསྒྱུར་ནས་སྨན་བཅོས་བཅས་ཀྱི་ལས་ཀ་ཚང་མར་ལྟ་ཞིབ་དང་བསམ་བློ་ནན་ཏན་གཏོང་གི་ཡོད། ཝང་ཧྥེང་གིས“སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་སྔོག་འགོག་གི་མ་ལག་སྐྲུན་པ་ནི་སྤྱི་པའི་འཕྲོད་བསྟེན་མ་ལག་གི་ཞན་ཆ་སེལ་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད”ཅེས་གསུངས།
   སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ནི་མང་ཚོགས་དང་འབྲེལ་འདྲིས་བྱ་ཡུལ་ཞིག་ཡིན་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྨན་བཅོས་སྐྱོབ་བཅོས་ཞབས་འདེགས་ལས་དོན་ལ་འགག་རྩའི་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད། “སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་གཏོང་བ་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་འདེགས་ལྟེ་གནས་བརྟན་དུ་གཏོང་བ་ནི་ལས་དོན་ལེགས་བཅོས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་རེད”ཅེས་ཝང་ཧྥེང་གིས་གསུངས།
    ཉིན་གཉིས་ནང་ཝང་ཧྥེང་གིས་བརྟག་ཞིབ་གྲུབ་འབྲས་ལེགས་སྒྲིག་ནན་ཏན་གནང་། “ངས་ད་ཐེངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ནད་ཐོག་སྨན་བཅོས་སོགས་སྡེ་ཚན་མང་པོས་སྨན་བཅོས་དང་སྔོན་འགོག་ཟུང་འབྲེལ་དང་འགོག་བཅོས་གཞི་གཅིག་ཅན་གྱི་མཐུན་སྦྱོར་ལམ་སྲོལ་མགྱོགས་མྱུར་འཛུགས་རྒྱུའི་གྲོས་འགོ་འདོན་གྱི་ཡིན། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཚད་མང་དུ་བཏང་ནས་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་སྤྱི་པའི་སྟེགས་བུ་བརྟན་དུ་བཏང་ནས་སྔོན་འགོག་དང་། ནད་ཐོག་སྨན་བཅོས། སྡེ་ཁུལ་བཅས་ཟུང་འབྲེལ་ནུས་ལྡན་ཐུབ་པར་སྐུལ་མ་གཏོང་བའི་རེ་བ་ཡོད”ཅེས་ཝང་ཧྥེང་གིས་གསུངས།