མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་ལས་དོན་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། སྐམ་སའི་མཐའ་མཚམས་ནས་རིམས་ནད་མཆེད་རྒྱུར་སྔར་བས་འགོག་ཟོན་བྱེད་དགོས་པ། ཁེ་ལས་དང་བྱ་གཞག་ཚན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་བཟང་སྒྲིག་བྱས་ནས་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་འགོ་ཁྲིད་ལས་དོན་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། འགག་རྩའི་ལྷུ་ཚིགས་དང་ཉེན་ཁའི་གནས་ལ་དམིགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། “སྔ་ཙམ་བཞི”དོན་འཁྱོལ་བྱ་རྒྱུ་དེ་ནི་རིམས་ནད་བསྐྱར་ལོག་འགོག་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པ་དང་ནད་གཞི་གཏན་འཁེལ་དང་། དོགས་ཡོད་ནད་དཔེའམ་ཡང་ན་ནད་རྟགས་མེད་པའི་ནད་པ་སོགས་དང་འབྲེལ་བའི་རིགས་ཁག་གི་རིམས་ནད་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་ཐག་གཅོད་བྱེད་དགོས་པ་མ་ཟད། ཡོངས་བསྒྲགས་དང་ཁ་གསལ། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པ་ལས། སྙན་སེང་ཆད་སྐུང་རྩ་བ་ནས་བྱེད་མི་ཆོག ནད་རྟགས་མེད་པའི་ནད་གཞི་འགོ་མཁན་ལ་གསོ་རིག་ཐོག་ནས་དོ་དམ་དང་། རིམས་ནད་རིག་པའི་ཐོག་ནས་བརྟག་དཔྱད། ལོགས་སུ་བཞག་ནས་སྨན་བཅོས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། སྨན་ཁང་ནས་དོན་རྗེས་ནད་གཞི་གདགས་གཤིས་སུ་བསྐྱར་ལོག་གི་ནད་པར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མཉམ་འགོག་མཉམ་འདོམས་མཐའ་འཁྱོངས་དང་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་སྡེ་ཁུལ་དང་། འགག་སྒོ། མཐའ་མཚམས་སོགས་ནན་པོ་སྲུང་དགོས། མངའ་ཁོངས་ཕྱིར་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་ཐུགས་ཁུར་དང་དགའ་གཅེས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཁོང་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས། ས་གནས་ཁག་གིས་ཏོག་གསར་གློ་ཚད་དང་ནད་གཞི་གཞན་རིགས་དབྱེ་སྐྱོབ་བཅོས་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། རྒྱུན་གཏན་སྨན་བཅོས་ཞབས་ཞུ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་དགོས།
    ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་མངའ་ཁོངས་ཕྱིར་རིམས་ནད་ཧ་ཅང་མང་དུ་ཕྱིན་ནས།
     སྐམ་སའི་མཐའ་མཚམས་ནས་རིམས་ནད་མཆེད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། ཉེ་ཆར། རང་རྒྱལ་གྱི་སྐམ་སའི་འགག་སྒོ་ནས་མཆེད་པའི་གཏན་འཁེལ་ནད་དཔེའི་གྲངས་འབོར་དེ་མཁའ་འགྲུལ་འགག་སྒོ་ནས་མཆེད་པའི་གཏན་འཁེལ་ནད་དཔེའི་གྲངས་འབོར་ལས་བརྒལ་ཡོད། མཐའ་མཚམས་ཞིང་ཆེན(རང་སྐྱོང་ལྗོངས)ཏང་ཨུད་དང་སྲིད་གཞུང་ཁག་གིས་ས་ཁུལ་དེ་རང་དུ་མངའ་ཁོངས་ཕྱི་ནས་རིམས་ནད་མཆེད་པར་འགོག་ཟོན་བྱེད་པའི་སྤྱི་འགན་འཁུར་བ་དང་། ཁོངས་གཏོགས་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ནན་དུ་གཏོང་བ། ཁ་གཏད་གཅོག་པའི་སྔོན་ཇུས་དང་། རིམས་ནད་ཞིབ་བཤེར་སྒྲིག་ཆས། བརྟག་དཔྱད་བྱེད་ས། འགོག་སྲུང་དངོས་ཟོག སྨན་དོན་མི་སྣ་སོགས་གྲ་སྒྲིག་ཡག་པོ་བྱས་ནས། རིགས་དབྱེ་ཇུས་བསྟར་དང་སྔོན་འགོག་དང་ཚོད་འཛིན་གནད་སྨིན་བྱེད་དགོས། རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་གྱི་ཚོད་ལྟ་ཁང་གི་ཞིབ་དཔྱད་དང་སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མཐའ་མཚམས་ཀྱི་འགག་སྒོ་དོ་དམ་དང་འཕྲོད་བསྟེན་རིམ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། མཐའ་མཚམས་ཀྱི་འགག་སྒོ་ནས་འཛུལ་མཁན་ཚང་མར་བཀག་སྡོམ་དོ་དམ་ལག་བསྟར་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དོ་དམ་དང་ཚོད་འཛིན་ནན་དུ་གཏོང་བ་དང་། མཐའ་མཚམས་ཀྱི་ལམ་ཆུང་དང་གཙོ་གནད་ས་ཆར་དོ་དམ་དང་ཚོད་འཛིན་བྱེད་པའི་འགན་འཁྲི་དོན་འཁྱོལ། མཐའ་མཚམས་ཀྱི་མཐའ་ཁུལ་ཡུལ་མིའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མཐའ་མཚམས་དཔལ་འབྱོར་གྱི་མཉམ་ལས་ལྟེ་གནས་དང་། མཐའ་མཚམས་ཚོང་དོན། མཐའ་མིའི་ཚོང་དོན་གནས་སོགས་ལ་རིམས་ནད་སྔོན་འགོག་བྱེད་ཐབས་ལག་བསྟར་ནན་པོ་བྱེད་དགོས། སྔོན་འགོག་དང་ཚོད་འཛིན་སྔོན་འགྲོའི་འོག་རྒྱལ་སྤྱིའི་ཚོང་འདྲེན་འགྲོ་རྒྱུག་འགན་ལེན་བྱེད་དགོས།
    ཚོགས་འདུའི་ཐོག་བསྟན་དོན། འཕྲལ་སྡོམ་ཐག་གཅོད་དང་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ཟུང་འབྲེལ་མཐའ་འཁྱོངས་དང་ཁུལ་དབྱེ་རིམ་དབྱེའི་སྒོ་ནས་ཐོན་སྐྱེད་སྒྲིག་ལམ་སླར་གསོ་བྱས་ཏེ། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་མང་དུ་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལེགས་སྒྲིག་བཟང་སྒྲིག་བྱེད་པ་དང་། དུས་གོང་འཕྲལ་སྡོམ་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས་སྤྱོད་པ་དང་མིག་སྔའི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་དང་མི་འཚམ་པའི་བྱེད་ཐབས་གསེད་བཀྲོལ་དང་མེད་པར་བཟོ་དགོས། འཕྲལ་མཁོ་ཆེ་བའི་རིམས་འགོག་དངོས་ཟོག་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་འགན་ལེན་བྱས་ཏེ། ལྷོད་གཡེང་གི་བསམ་པ་གཏན་འགོག་བྱེད་དགོས་ལ། འགོག་ཟོན་ཐད“རྒྱུག་པ་ལེབ་རྡུང”འགོག་དགོས། ཁེ་ལས་དང་བྱ་གཞག་ཚན་པའི་བྱེད་པོའི་འགན་འཁྲི་ནན་ཏུ་གཏོང་བ་དང་ཚན་རིག་དང་མཐུན་ལ་གནད་སྨིན་གྱི་སྒོ་ནས་ཚན་པ་དེ་རང་གི་རིམས་ནད་འགོག་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་པ་ནི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་བདེ་བླག་ངང་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ལས་མི་སྒེར་གྱི་འགོག་སྲུང་བླང་བྱ་དོན་འཁྱོལ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་སྐབས་མི་སྣ་འགྲོ་འོང་ལུགས་མཐུན་བཀོད་སྒྲིག་བྱས་ཏེ། དོན་མེད་ཀྱི་མི་སྣ་འདུ་འཛོམས་དང་མཉམ་སྡེབ་བྱེད་སྒོ་ཉུང་དུ་གཏོང་དགོས། རིམས་ནད་ཐོན་ཚེ། འཕྲལ་དུ་སྙན་སེང་ཞུས་ནས། ཁ་གཏད་སྔོན་ཇུས་ལག་བསྟར་བྱས་ཏེ་ཐག་གཅོད་འོས་འཚམ་དང་ཡོངས་བསྒྲགས་ཁ་གསལ་ངང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས།

  
style="display:none;"