མི་དམངས་དྲ་བ།

༄༅༎དབང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་31ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཚེས་30ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་བཞི་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
     ཚོགས་འདུས་རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་ཞུགས་པའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་སྒྲོན་ཉན་པ་རེད། དབང་དབྱང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་གོང་འོག་ཚང་མ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཏང་ཀྲུང་དབྱང་གིས་རིམས་ནད་ཀྱི་དུས་བབ་ལ་བརྡར་ཤ་བཅད་པ་དང་ཇུས་ཐག་བཅད་པ་ནི་ཡང་དག་པ་ཡིན་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་པ་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་པ་ལག་ལེན་ལས་མཐོང་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།
     དབང་དབྱང་གིས་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཐབས་འདོན་ཇུས་འདོན་དང་སྲིད་དོན་སྐྱོང་རོགས་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ནས་ཕྱོགས་གཉིས་ཤུགས་འདོན་གྱི་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་ངང་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས“རྒྱལ་ཁ་གཉིས་ཐོབ”ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལྷག་པར་དུ་གསོ་རིག་དང་འཕྲོད་བསྟེན་ལས་རིགས་ཀྱི་ཨུ་ཡོན་ཚོས་ལྡོག་སྐྱོད་བྱས་ཏེ་སྲོག་ཉེན་ལ་མི་འཛེམས་པར་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་འགན་འཁྲི་འཁུར་སེམས་ལག་ལེན་བསྟར་ཡོད་ཅེས་གསུངས་པ་རེད།
     དབང་དབྱང་གིས་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྲན་སློང་གལ་ཆེན་གསར་པ་འཕྲད་ཡོད་པས། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་ནས། ཕྱི་ནས་འགོས་རྒྱུ་སྔོན་འགོག་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་དང་། རྒྱ་ཆེའི་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཐབས་འདོན་ཇུས་འདོན་དང་སྲིད་དོན་སྐྱོང་རོགས་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ནས་ཕྱོགས་གཉིས་ཤུགས་འདོན་བྱས་ཏེ་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
     ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་2020ལོའི་ལྟ་ཞིབ་དང་། རྟོག་ཞིབ། བརྟག་ཞིབ་བཅས་ཀྱི་བཀོད་སྒྲིག་དང་། 2019ལོའི་ལོ་སྨད་ཀྱི་ལས་དོན་སྤེལ་ཚུལ་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུའི་སྙན་ཞུ(འཆར་ཟིན)སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གཙོ་གནད་གྲོས་གཞི་གདམ་གསེས་དང་སྒྲུབ་རྒྱུར་ལྟ་སྐུལ་བྱ་ཐབས(བཟོ་བཅོས)བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
     ཀྲུའུ་ཞིའི་ཚོགས་འདུའི་ཐོག་2020ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་བྱས་པ་དང་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་། ཏང་ཙུའི་ཧྲུའུ་ཅི་ལུའུ་ཏུང་ཧྥུའུ་ཡིས་གདན་ཞུས་ལྟར“ཀྲུང་གོའི་ལྕགས་ལམ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གྲུབ་འབྲས་དང་བློ་སྒོ”ཞེས་བརྗོད་གཞིར་བྱེད་པའི་ཟུར་ཁྲིད་སྙན་ཞུ་གནང་བ་རེད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་གནང་བ་རེད། ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། དབན་ཀང་། ལུའུ་གྲན་ཀུང་། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། པ་ཐེར། དབང་ཡུང་ཆིང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

  
style="display:none;"