མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

       མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་རྒྱལ་དོན་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཟླ་3ཚེས་25ཉིན་ནས་ཚེས་28ཉིན་བར་རང་རྒྱལ་དུ་དངོས་གཞི་མིན་པའི་འཚམས་འདྲི་གནང་བ་རེད།
         འཚམས་འདྲི་གནང་རིང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ཁོང་གི་སྐུ་ཟླ་ལི་ཞོལ་ཀྲུའུ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་དང་འབྲེལ་ལྷན་དུ་རིག་རྩལ་འཁྲབ་སྟོན་གཟིགས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
         གྲོས་མོལ་གནང་རིང་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཅིན་ཀྲེང་ཨེན་གྱིས་ཀྲུང་གོར་འཚམས་འདྲི་ཐོག་མ་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཁྱེད་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དམག་ཨུད་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་བ་དང་ཉིན་ཤས་གོང་ང་སླར་ཡང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་རྒྱལ་ཁབ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་དུས་སྐབས་དམིགས་བསལ་དང་དོན་སྙིང་གལ་ཆེན་ལྡན་པ་ལས་བློ་མཐུན་ཨུ་ཡོན་ཀྲང་དང་ཁྲའོ་ཞན་ཏང་ཀྲུང་དབྱང་གིས་ཀྲུང་གོ་དང་ཁྲའོ་ཞན་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་མཚོན་པ་དང་དེའི་ཐད་ང་ཚོས་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཅིན་ཀྲེང་ཨེན་གྱིས་ཉེ་བའི་ལོ་ཤས་རིང་ཀྲུང་གོར་བཀྲ་ཤིས་པའི་བྱ་བ་མང་པོ་ཐོན་ཡོད། ན་ནིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པ་དང་རིང་མིན་གོང་རྒྱལ་ཡོངས་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོགས་པ་རེད། བློ་མཐུན་ཞི་ཅིན་ཕིང་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཚོའི་གོང་བཀུར་ཐོབ་ནས་འགོ་ཁྲིད་ཀྱི་སྲོག་ཤིང་དུ་གྱུར་པ་དང་འབྲེལ་སླར་ཡང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད། ཁྲའོ་ཀྲུང་གི་མཛའ་གྲོགས་སྲོལ་རྒྱུན་ལ་གཞིགས་ན། ངས་ཀྲུང་གོར་ཡོང་ནས་ཁྱེད་ལ་རྟེན་འབྲེལ་ཞུ་དགོས་ངེས་རེད། མིག་སྔར་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་འཕེལ་རྒྱས་ཡོང་བཞིན་པ་དང་འགྱུར་ལྡོག་ཆེན་པོ་མི་ཉུང་བ་ཐོན་ཡོད། མཛའ་མཐུན་དང་བདེན་ལམ་ཐད་ནས་ངས་དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གནས་ཚུལ་བརྡ་ཁྱབ་གཏོང་དགོས་ངེས་རེད་ཅེས་བཤད་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་ནི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་ཚོས་བཏོད་པ་དང་སྐྱེད་སྲིང་ཞིབ་ཚགས་བྱས་པ་ཞིག་དང་ཕྱོགས་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། དེའི་སྐབས་ལ་ཕྱིར་དྲན་བྱས་ན་ང་ཚོའི་འགོ་ཁྲིད་རྒན་རབས་པ་ཚོས་ཐུན་མོང་གི་ཕུགས་བསམ་དད་སེམས་དང་གསར་བརྗེའི་མཛའ་མཐུན་ཟབ་མོ་བཅངས་ཏེ་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་གཏམ་སྙན་ཞིག་བརྩམས་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། བརྟན་དུ་གཏོང་བ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་ནི་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན་ཞེས་ནན་བཤད་གནང་བ་རེད།
          ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་དང་ཁྲའོ་ཞན་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཐད་དགོངས་འཆར་གལ་ཆེན་བཏོན་གནང་བར་རང་ཉིད་ལ་ལྕག་སྐུལ་ཆེན་པོ་ཐེབས་པ་དང་བློ་སྒོ་ཕྱེ་སོང་། ཕྱོགས་གཉིས་པོའི་འགོ་ཁྲིད་རྒན་རབས་པས་ཐུན་མོང་ཐོག་བཏོད་པ་དང་སྐྱེད་སྲིང་གནང་བའི་ཁྲའོ་ཀྲུང་གཉིས་ཀྱི་མཛའ་གྲོགས་ལ་གཡོ་སྒུལ་ཐེབས་མི་ཐུབ་ཅེས་བཤད།
         ཕྱོགས་གཉིས་པོས་རང་རང་གི་རྒྱལ་ནང་གི་དུས་བབ་བརྡ་ཁྱབ་བཏང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་འགོད་བཟོས་ནས་2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་། 2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤྱིར་ན་མངོན་འགྱུར་ཐུབ་རྒྱུ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཀྲུང་གོ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཅིན་ཀྲེང་ཨེན་གྱིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་ཚད་མཐོའི་འགན་འཁྲི་འཁུར་སེམས་མངོན་ཡོད། དེང་སྐབས་ང་ཚོའི་ཏང་གིས་ཀྱང་རྫིག་ཉམས་སྟོན་པ་དང་། དཔོན་ཉམས་འདོན་པ། རུལ་སུངས་དུ་གྱུར་པ་བཅས་ཀྱི་བྱེད་སྤྱོད་ལ་འཐབ་རྩོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་རླབས་ཆེན་གྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པའི་སྨོན་འདུན་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན་ཞེས་གསུངས།
         ཕྱོགས་གཉིས་པོའི་འགོ་ཁྲིད་ཀྱིས་རྒྱལ་སྤྱི་དང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་དམིགས་ནས་དགོངས་འཆར་བརྗེ་རེས་གནང་བ་རེད།
         ཞི་ཅིན་ཕིང་གིས་འདི་ལོ་ཚུན་དུ་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་དེའི་ཐད་འབད་བརྩོན་ཆེན་པོ་བྱས་པར་ང་ཚོས་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཅིན་ཀྲེང་ཨེན་གྱིས་དེང་སྐབས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལེགས་སུ་འགྲོ་བཞིན་ཡོད། ང་ཚོས་རང་འགུལ་ངང་བྱ་ཐབས་སྤྱད་དེ་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་བཏང་བ་ཡིན་ལ་ཞི་བའི་སྐད་ཆ་ཤོད་རེས་ཀྱི་གྲོས་འགོ་ཡང་བཏོན་ཡོད་ཅེས་གསུངས་པ་རེད། 

༄༅།།ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།