མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་གྱི་
དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་འབྲེལ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག འདི་ལོ་ཤར་ཚུན་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར་བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་ཤིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བཟུང་སྟེ་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཐད་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་ཞིག་རྒྱུན་འཁྱོངས་བྱས་ཡོད། ལོ་སྟོད་དུ་དཔལ་འབྱོར་ལུགས་མཐུན་བར་མཚམས་སུ་འཁོར་རྒྱུག་བྱུང་བ་དང་། དམིགས་ཚད་གཙོ་བོ་ཁག་སྔོན་དཔག་བྱས་པ་ལས་ལེགས་པ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་བརྟན་པོའི་སྒོ་ནས་མང་དུ་སོང་བ། ནོར་སྲིད་ཡོང་འབབ་དང་། ཁེ་ལས་ཀྱི་ཁེ་སྤོགས། གྲོང་མིའི་ཡོང་འབབ་བཅས་ཅུང་མགྱོགས་པོའི་སྒོ་ནས་འཕར་ཡོད་ལ་སྤུས་ཚད་དང་ཕན་འབྲས་ཀྱང་བསྐྱར་འཕར་བྱུང་ཡོད། ཟོག་གོང་སྤྱིར་ན་བརྟན་པོ་བྱུང་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་གཏིང་ཟབ་བྱུང་བ། དཔལ་འབྱོར་འཕར་བའི་ཁྲོད་ཀྱི་འཛད་སྤྱོད་དགོས་མཁོའི་སྐུལ་ཁྲིད་ནུས་པ་མུ་མཐུད་ཆེ་རུ་སོང་བ། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་ཕྱིན་པ། ཐོན་ནུས་ལྷག་དྲགས་པ་མུ་མཐུད་མེད་པ་བཟོ་བ། འཛད་སྤྱོད་རིམ་སྤོར་དང་མཐུན་པའི་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ། ཐོན་ལས་ཁག་གི་ནང་ཁུལ་སྒྲིག་གཞིའི་གྲུབ་ཆ་ལེགས་སུ་སོང་ཡོད། ས་ཁོངས་ཀྱི་མཉམ་ལས་མཉམ་སྒུལ་ནུས་པ་རགས་ཙམ་ཐོན་ཞིང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། པེ་ཅིང་། ཐེན་ཅིན། ཧོ་པེ་གསུམ་གྱི་མཉམ་ལས་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་བཅས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་གཏིང་ཟབ་བྱུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། སྣོད་བཅུད་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་བྱས་པ་མི་སེམས་སུ་ཉིན་བཞིན་ཟུག་ཆེ་རུ་ཕྱིན་པ་དང་སྲིད་གཞུང་དང་ཁེ་ལས་ཀྱི་བྱ་སྤྱོད་ལ་འགྱུར་ལྡོག་ཡག་པོ་བྱུང་ནས་མཁོ་སྤྲོད་དགོས་མཁོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ལ་ཁྲོམ་རའི་ཡིད་ཆེས་ཀྱི་བསམ་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཀྱང་ཐེབས་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།
         ཚོགས་འདུའི་ཐོག གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་འཁོར་རྒྱུག་ཁྲོད་འགལ་བ་དང་གནད་དོན་མི་ཉུང་བ་ཞིག་སྔར་བཞིན་ཡོད་པ་མཐོང་བའང་བྱེད་དགོས། དཔལ་འབྱོར་གྱི་དུས་འཁོར་རིང་བ་དང་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་གྱི་ཟུར་ཚད་ལ་གཞིགས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱེད་པ་དང་། མུ་མཐུད་རིག་པ་དྭངས་གསལ་དང་འཐབ་ཇུས་ཀྱི་ངེས་ཤུགས་ཆེན་པོ་ཡོང་བ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམ་འཛིན་ཡག་པོ་བྱེད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆེ་རིགས་འོས་འཚམ་ངང་སེལ་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྤེལ་དགོས་ན་བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་སྔར་བས་ལེགས་པའི་སྒོ་ནས་བརྟན་པོ་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཁོང་དུ་ཆུད་པ་དང་། ཆ་སྙོམས་པོ། གོ་སྐབས་དམ་འཛིན། ཚད་རན་པོ་བཅས་བྱེད་ཐུབ་པ་བྱེད་དགོས། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ལ་འཐུས་སྒོ་ཚང་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱ་རྒྱུ་གཙོ་བོར་བཟུང་བ། སྤྱིའི་དགོས་མཁོ་ཆེ་རུ་འོས་འཚམ་གཏོང་བ། སྔོན་དཔག་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བཅས་བྱས་ནས་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་དགོས་ལ་དཔལ་འབྱོར་ཁོར་ཡུག་གི་སྤུས་ཚད་དང་ཕན་འབྲས་ཀྱང་ཆེ་རུ་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་ཐུབ་པའི་འགན་ལེན་བྱས་ནས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཁོངས་གཏོགས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་སྲུང་ཐུབ་པའི་འགན་ལེན་བྱེད་དགོས། ཕྱོགས་ཁག་གིས་ལས་ཀ་ཧུར་ཐག་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་བརྟན་པོ་ཡོང་བ་བྱེད་པ་དང་རང་འགན་གཙང་སྒྲུབ་བྱེད་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་ལ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་ཆབས་ཅིག་བསམ་བློའི་ངོས་འཛིན་དེ་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དུས་བབ་ལ་བརྡར་བཅད་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་ཇི་མ་ཇི་བཞིན་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། སྤྱི་འདོམས་མཐུན་སྦྱོར་ཡག་པོ་བྱས་ཏེ་ལས་དོན་ཁག་ཞིབ་ཚགས་པོ་དང་རུ་ངར་པོ་བྱས་ནས་སྲིད་ཇུས་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས་པ། ཚད་མཐོའི་འགན་འཁྲིའི་བསམ་པ་དང་འགན་ཁུར་ཕོད་པའི་སྙིང་སྟོབས་ཤིག་ལྡན་པར་བྱེད་པ་དང་སྦྲགས་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལག་བསྟར་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
         ཚོགས་འདུའི་ཐོག་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལས་དོན་བློ་བརྟན་འགྱུར་མེད་ངང་གཏིང་ཟབ་སྤེལ་རྒྱུ་དང་། “ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པ་བཟོ་བ། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ”བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “རེངས་གྱུར་ཁེ་ལས”ཞེས་པའི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་དམ་པོར་བཟུང་བ། ཁྲོམ་རའི་ལམ་སྲོལ་སྔར་བས་མང་པོ་སྤྱོད་པ་བཅས་བྱས་ནས་དྲག་རྒྱལ་ཞན་འབུད་བྱེད་དགོས། ཞན་ཆ་གསབ་ཤུགས་ཆེ་རུ་བཏང་ནས་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་དགོས་ཤིང་། ཕུང་གསོག་ཐེབས་པའི་ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་བརྟན་པོ་དང་ནན་པོའི་ངང་བསལ་ནས་ས་གནས་སྲིད་གཞུང་གི་བུན་གཡར་རྣམ་པའི་མ་དངུལ་བསྡུ་སྒྲིལ་བྱ་ཚུལ་ཚད་ལྡན་དུ་གཏོང་དགོས་ལ་མངོན་མེད་བུ་ལོན་ཟུག་ཆེ་རུ་འགྲོ་རྒྱུ་གཏན་འགོག་ཀྱང་བྱེད་དགོས། དངུལ་རྩའི་ལས་རིགས་ཟང་ཟིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག་ཏན་ཏིག་བྱས་ཏེ་དངུལ་རྩའི་ལྟ་སྐུལ་དོ་དམ་དང་མཐུན་སྦྱོར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་དུ་གཏོང་དགོས་ཤིང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་མཐའ་འཁྱོངས་ཀྱིས་ཕུགས་ཕན་ལམ་སྲོལ་གང་མགྱོགས་འཛུགས་དགོས། ཕྱི་དངུལ་དང་དམངས་ཁྲོད་མ་འཇོག་བརྟན་དུ་གཏོང་བ་དང་། ཡིད་ཆེས་ཀྱི་བསམ་པ་བརྟན་དུ་གཏོང་བ། རྒྱུ་ནོར་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་དངུལ་ཁྲོམ་ར་འཇུག་འཐུས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་མ་འཇོག་མཁན་གྱི་ཡིད་དབང་འཕྲོག་པར་བྱེད་པའི་ཚོང་གཉེར་ཁོར་ཡུག་གི་ནུས་པ་ཆེ་རུ་གཏོང་དགོས། དམངས་འཚོའི་ལས་དོན་ལ་མཐོང་ཆེན་བྱས་ཏེ་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་རོགས་དང་གནད་དོན་ཐག་གཅོད་བྱེད་རོགས་ཀྱང་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་ལའང་ཞིབ་འཇུག་བྱས་པ་རེད།