མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་རྒྱལ་སྤྱིའི་རྩི་ཤིང་རིག་པའི་ཚོགས་ཆེན་སྐབས་བཅུ་
དགུ་པ་འཚོགས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རྩི་ཤིང་རིག་པའི་ཚོགས་ཆེན་སྐབས་བཅུ་དགུ་པར་འཕྲིན་ཡིག་སྤྲིངས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་སྒོ་ནས་རྟེན་འབྲེལ་ཞུས་པ་དང་སྦྲགས་ཚོགས་ཆེན་ལ་ཕེབས་པའི་རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ་རེད།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་རྩི་ཤིང་ནི་སྣོད་བཅུད་མ་ལག་གི་ཐོག་མའི་ཐོན་སྐྱེད་བྱེད་མཁན་ཡིན་པས་ས་གོ་ལའི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། མིའི་རིགས་ཀྱིས་རྩི་ཤིང་གི་འཇིག་རྟེན་ཁམས་ལ་འཚོལ་ཞིབ་བྱེད་པའི་ལས་དོན་ནམ་ཡང་སྤེལ་མཚམས་བཞག་མེད་ལ་རྩི་ཤིང་བེད་སྤྱོད་དང་སྲུང་སྐྱོང་བྱས་པ་དེས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་མ་ཐེབས་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་རྩི་ཤིང་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད། ཀྲུང་གོ་མི་དམངས་ཀྱིས་སྔར་ནས་བཟུང་རང་བྱུང་ཁམས་ལ་བརྩི་མཐོང་དང་རྩི་ཤིང་ལ་དགའ་ཞེན་བྱེད་པའི་ཁར་ཀྲུང་ཧྭའི་ཤེས་དཔལ་ཁྲོད་མཁྱེན་རྒྱ་ཡངས་པའི་རྩི་ཤིང་གི་རིག་གནས་ཚུད་ཡོད། ཀྲུང་གོས་ལོ་ངོ་2500ལྷག་ཙམ་གྱི་གོང་ནས་བརྩམས་པའི་སྙན་ཚིག་ཕྱོགས་བསྒྲིགས་《སྙན་ངག་གི་གཞུང་》ནང་རྩི་ཤིང་རིགས་130ལྷག་ཙམ་བཀོད་ཡོད་ལ་ཀྲུང་ལུགས་གསོ་རིག་གིས་མིའི་རིགས་ཀྱི་བདེ་ཐང་ཆེད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། རྩི་ཤིང་ལ་བརྟེན་ནས་དར་འབུ་གསོས་ཏེ་རིམ་གྱིས་དར་རྒྱས་གོང་འཕེལ་བྱུང་བའི་དར་གོས་ལམ་བུ་འདི་ཉིད་ཤར་ནུབ་ཕྱོགས་ཀྱི་ཉོ་ཚོང་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་སྒྲོག་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཆུ་འབྲས་འདེབས་གསོ་དང་། གཞི་རྒྱུ་ཚོ་པའི་རིག་པ། འཕེར་འགྱུར་སྐྱེ་དངོས་རིག་པ། སྐྱེ་དངོས་ལག་རྩལ་སོགས་ཁྱབ་ཁོངས་ཐད་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཀྲུང་གོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་དང་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་བསྐྲུན་ཆེད་རྩི་ཤིང་ཐད་ཚན་རིག་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ངང་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ཐུན་མོང་གི་ས་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས་ཞེས་འཁོད་ཡོད་པ་རེད།
         ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རྩི་ཤིང་རིག་པའི་ཚོགས་ཆེན་གྱིས་གོ་ལ་ཧྲིལ་པོའི་རྩི་ཤིང་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ད་རེས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་ལ་བརྟེན་ནས་འབྱུང་འགྱུར་གཏོད”ཅེས་པ་དེ་ཡིན་ཞིང་། ཚོགས་ཆེན་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་སྤེལ་རེས་དང་གླེང་མོལ་ལ་ཤུགས་སྣོན་བརྒྱབ་ནས་མིའི་རིགས་ཀྱིས་རྩི་ཤིང་ལ་སེམས་ཁུར་དང་འབྱུང་འགྱུར་ལ་དོ་ཁུར་བྱ་རྒྱུ་དར་སྤེལ་བཏང་སྟེ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།