མི་དམངས་དྲ་བ།

༄༅།།གཡོ་ཟོལ་མེད་པར་ཕྱིར་འཐེན་བྱ་རྒྱུ་ནི་རྒྱ་གར་ཕྱོགས་ཀྱི་གདམ་ག་ཡང་དག་ཉག་ཅིག་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། རྒྱ་གར་གྱི་དམག་དོན་མི་སྣ་ཁྲིམས་དང་འགལ་ནས་རྒྱལ་མཚམས་བརྒལ་ཏེ་དོང་སྣང་ས་ཁུལ་དུ་ཀྲུང་གོའི་མཐའ་སྲུང་དམག་དཔུང་དང་ཕན་ཚུན་སྲ་འཛིན་བྱས་ནས་ཟླ་བ་གཅིག་ལྷག་འགོར་ཡོད། མཐའ་མཚམས་ཀྱི་གནད་དོན་ནི་ཀྲུང་གོ་དང་རྒྱ་གར་བར་དུ་ཚོར་སྐྱེན་ཆེ་ཤོས་ཀྱི་གནད་དོན་ཡིན་ཞིང་། རྒྱ་གར་ཕྱོགས་ཀྱིས་གནད་དོན་འདིའི་ཐད་ལ་ཐལ་སྤྱོད་སྤེལ་བ་ཡིན་ན། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་གནོད་པ་བཟོ་ངེས་ཡིན་པ་དང་། གལ་ཏེ་མུ་མཐུད་ནས་ལམ་ནོར་ལྡོག་ཤེས་མེད་པར་རྒྱལ་མཚམས་ལས་བརྒལ་བའི་དམག་མི་ཕྱིར་འཐེན་མ་བྱས་ན། མཐར་ཕམ་ནས་བཟོ་ལྟ་ཤོར་བ་ནི་རྒྱ་གར་རང་ཉིད་ཡིན་ངེས་རེད། 
         དོན་འདིའི་ཡིན་ལུགས་མིན་ལུགས་ཧ་ཅང་གསལ་པོ་ཡིན་ཞིང་། ཁག་འགན་ཚང་མ་ཐོག་མཐའ་བར་གསུམ་དུ་རྒྱ་གར་ཕྱོགས་ལ་ཡོད་པ་རེད། ཕན་ཚུན་སྲ་འཛིན་བྱེད་པའི་དོན་རྐྱེན་བྱུང་སའི་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་འབྲས་ལྗོངས་ས་མཚམས་ནི་1890ལོ་《 ཀྲུང་དབྱིན་གྲོས་ཚོགས་ཀྱི་བོད་དང་རྒྱ་གར་བར་གྱི་ཆིངས་ཡིག་》ནང་དབྱེ་མཚམས་གསལ་འབྱེད་གཏན་འཁེལ་བྱས་པ་དང་། རྒྱ་གར་གྱི་སྲིད་གཞུང་རིམ་བྱུང་གིས་ཡིག་ཐོག་ནས་དེར་དངོས་སུ་ཁས་ལེན་ཐེངས་མང་པོ་བྱས་ཡོད་ཅིང་། ལོ་ངོ་127རིང་ལ་ཕྱོགས་གཉིས་བར་དོན་འདིའི་ཐད་ལ་རྩོད་གཞི་འབྱུང་མྱོང་མེད། ཆིངས་ཡིག་ནི་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་དང་། འདི་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་རེད། རྒྱ་གར་ཕྱོགས་ཀྱིས་ཡོད་ཟིན་པའི་ཆིངས་ཡིག་དང་འགལ་ནས་འཛེམ་བག་མེད་པར་རྒྱལ་མཚམས་ལས་བརྒལ་བ་དེ་ནི་སྔོན་ཆད་ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་དཔུང་བར་གཏན་འཁེལ་བྱས་མེད་པའི་མཐའ་མཚམས་སུ་གདོང་གཏུག་བྱུང་བ་དང་ངོ་བོའི་ཐོག་གི་ཁྱད་པར་ཡོད་ཅིང་། ངོ་བོ་ངན་པོ་ཐ་ཤལ་རེད།
         ཡིན་ན་ཡང་དཔང་རྟགས་ཁུངས་བཙན་ཡོད་པའི་མདུན་དུ་རྒྱ་གར་ཕྱོགས་ཀྱིས་དམག་དཔུང་ཕྱིར་འཐེན་མི་བྱེད་པ་མ་ཟད། དེ་ལས་ལྡོག་སྟེ་བསྙོན་འཛུགས་ཡང་ཡང་བྱས་ནས་མཐོང་ཐོས་རྙོག་བཟོ་བྱེད་རྒྱུའི་རེ་ངན་བཅངས་པ་སྟེ། ཡང་ན་འབྲས་ལྗོངས་ས་མཚམས་ཀྱི་མཐའ་མཚམས་དེ་ནི"ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་རྩོད་གཞི་ཡོད་པའི་ས་ཁུལ"ཡིན་པ་བརྗོད་རྒྱུ་དང་། ཡང་ན"ཀྲུང་གོའི་ཕྱོགས་ཀྱིས་བགྲོད་ལམ་བཟོ་བ་ལས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ"ཞེས་བརྗོད་རྒྱུ། ཡང་ན"འབྲུག་ཡུལ་སྲུང་སྐྱོང"ཞེས་པར་ཁ་གཡར་བྱས་ནས་དོང་སྣང་ས་ཁུལ་དེ"རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས"ཁྱབ་ཁོངས་ཡིན་ཞེས་བརྗོད་རྒྱུ་སོགས་རེད། བསྙོན་འཛུགས་འདི་འདྲ་བྱས་པ་ནི་རང་ཉིད་ཀྱིས་རང་ལ་འགྲམ་ལྕག་ཞུས་པ་ལས། དོང་སྣང་ས་ཁུལ་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་མངའ་ཁོངས་སུ་གཏོགས་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་དོ་དམ་ནུས་ལྡན་བྱས་པའི་འོག་གནས་པས། རྩོད་གཞི་གང་ཡང་མེད་པ་ཞིག་ཡིན་པའི་གཞི་རྩའི་དོན་དངོས་འདི་འགྱུར་བ་རྩ་བ་ནས་གཏོང་མི་ཐུབ།
         2015ལོར་ཀྲུང་གོའི་ཕྱོགས་ཀྱིས་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་ཚོར་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་འབྲས་ལྗོངས་ས་མཚམས་ཀྱི་རྣ་ཐོས་ལ་བརྒྱུད་ནས་བོད་དུ་གནས་མཇལ་བར་ཡོང་བའི་ལམ་ཐིག་ཕྱེ་བ་རེད། ད་རེས་ཀྱི་དོན་རྐྱེན་འདི་བྱུང་རྗེས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་ཕྱིར། ཀྲུང་གོའི་ཕྱོགས་ཀྱིས་བཟོད་སྒོམ་བྱས་པ་མ་ཟད། རྒྱ་གར་ཕྱོགས་ལ་སྐད་ཆ་ནན་པོ་བཤད་དེ་རྒྱ་གར་ཕྱོགས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་མཐའ་སྲུང་མི་སྣ་རྣམས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་རྒྱ་གར་གྱི་གཞོགས་སུ་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད།
         རྒྱ་གར་ཕྱོགས་ཀྱིས་ངེས་པར་དུ་རྟོགས་དགོས་པ་ཞིག་ནི། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་བློ་རྩ་ནི་སྲ་བརྟན་འགྱུར་མེད་ཡིན་ཞིང་། འོས་མེད་མཐུན་ཐབས་གཏན་ནས་བྱེད་མི་སྲིད། རྒྱ་གར་ཕྱོགས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དམག་དཔུང་ཡོངས་ཕྱིར་འཐེན་བྱེད་རྒྱུ་ནི་དོན་རྐྱེན་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་རེད།