མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་《སྣོད་བཅུད་ཤེས་
དཔལ་ལམ་ལུགས་སྒྱུར་བཅོས་སྤྱིའི་ཇུས་གཞི་》དང་《སྤྱི་ཚོགས་རིང་ལུགས་
ཀྱི་རིག་རྩལ་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་སྐོར་གྱི་
བསམ་འཆར་》ལ་གྲོས་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་13ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་9ཚེས་11ཉིན་ཚོགས་འདུ་འཚོགས་ནས་《སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་སྤྱིའི་ཇུས་གཞི་》དང་《སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དགོས་ངེས་ཀྱི་ལས་འགན་ཞིག་རེད། 《སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་སྤྱིའི་ཇུས་གཞི་》ནི་སྣོད་བཅུད་ཤེས་དཔལ་ཁྱབ་ཁོངས་སྒྱུར་བཅོས་ཀྱི་ཇུས་འགོད་རྩེ་གྲ་ཞིག་རེད། སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་མ་གཏོང་བར་དང་ཐོག་ཡང་དག་པའི་འདུ་ཤེས་འཆང་བ་དང་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་ལ་སྣེ་ཁྲིད་བྱེད་དགོས། རང་བྱུང་ལ་སྲུང་བརྩི་དང་། རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་དང་། འཕེལ་རྒྱས་དང་སྲུང་སྐྱོང་གཉིས་གཅིག་གྱུར་ཡོང་བའི་འདུ་ཤེས། རི་ཆུ་སྔོན་མོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས། རང་བྱུང་གི་རིན་ཐང་དང་རང་བྱུང་མ་རྩའི་འདུ་ཤེས། བར་མཐོངས་དོ་མཉམ་གྱི་འདུ་ཤེས། རི་ཆུ་ནགས་ཞིང་མཚོ་མཚེའུ་ནི་ཚེ་སྲོག་གི་ཐུན་མོང་གྲུབ་ཆ་ཞིག་ཡིན་པའི་འདུ་ཤེས་འཆང་དགོས། སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་མ་གཏོང་བར་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་གཞུང་ལ་བདག་པའི་ངོ་བོ་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་བཅོས་སྐྱོང་མ་ལག་གཅིག་གྱུར་མཐའ་འཁྱོངས། ལྕག་སྐུལ་དང་ཚོད་འཛིན་མཉམ་དུ་དམ་འཛིན་མཐའ་འཁྱོངས། རང་འགུལ་བྱ་སྤྱོད་དང་རྒྱལ་སྤྱིའི་མཉམ་ལས་ཟུང་སྦྲེལ་མཐའ་འཁྱོངས། ཚོད་ལྟ་སྔོན་ལ་བྱེད་པར་ལྕག་སྐུལ་དང་སྤྱི་ཡོངས་མཐུན་སྦྱོར་སྐུལ་འདེད་ལ་སྐུལ་མ་གཏོང་རྒྱུ་ཟུང་སྦྲེལ་མཐའ་འཁྱོངས་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
         ཚོགས་འདུའི་ཐོག་སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་མ་གཏོང་བར་རྨང་གཞིའི་སྒྲོམ་གཞི་ཡག་པོ་བཏིང་ནས་ཐོན་དབང་ཁ་གསལ་དང་། སྣ་མང་ཞུགས་པ། ལྕག་སྐུལ་དང་ཚོད་འཛིན་མཉམ་འཛིན། ཆ་ལག་ཚང་བའི་སྣོད་བཅུད་ཤེས་དཔལ་ལམ་ལུགས་མ་ལག་འཛུགས་དགོས་པ་དང་། གཏོགས་ཁོངས་ཁ་གསལ་དང་། འགན་དབང་གསལ་འབྱེད། ལྟ་སྡོམ་ནུས་ལྡན་གྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ཐོན་དབང་ལམ་ལུགས་འཛུགས་དགོས་པ། བར་མཐོངས་འགོད་སྒྲིག་གིས་རྨང་གཞི་དང་སྤྱོད་ཡུལ་བཙན་སྡོམ་གྱི་བྱ་ཐབས་གཙོ་བོར་བྱེད་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་ལམ་ལུགས་འཛུགས་དགོས་པ། བར་མཐོངས་བཅོས་སྐྱོང་དང་བར་མཐོངས་གྲུབ་ཆ་ལེགས་སྒྲིག་གིས་ནང་དོན་གཙོ་བོ་བྱས་ནས་རྒྱལ་ཡོངས་གཅིག་གྱུར་དང་། ཕན་ཚུན་སྦྲེལ་མཐུད། རིམ་དབྱེའི་དོ་དམ་གྱི་བར་མཐོངས་འཆར་འགོད་མ་ལག་འཛུགས་དགོས་པ། ཁྱོན་ཡོངས་ལ་ཁེབས་པ་དང་། ལུགས་མཐུན་ཚད་ལྡན། དོ་དམ་ནན་པའི་ཐོན་ཁུངས་བསྡོམས་འབོར་དོ་དམ་དང་ཁྱོན་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུགས་འཛུགས་དགོས་པ། ཁྲོམ་རའི་དགོས་མཁོ་དང་ཐོན་ཁུངས་དཀོན་པའི་ཚད་གཞི་ཚུར་སྣང་དང་རང་བྱུང་ཁམས་ཀྱི་རིན་ཐང་དང་མི་རབས་འབྲེལ་བའི་ཁ་གསབ་མཚོན་པའི་ཐོན་ཁུངས་རིན་ཡོད་བེད་སྤྱོད་དང་སྣོད་བཅུད་ཁ་གསབ་ལམ་ལུགས་འཛུགས་དགོས་པ། ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ནས་ལྟ་སྡོམ་གཅིག་གྱུར་དང་། ཁྲིམས་འཛིན་ཁ་གསལ། ཕྱོགས་མང་ཞུགས་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་དགོས་པ། དཔལ་འབྱོར་མགྱོགས་ཤིང་གང་མང་སྤྱད་དེ་ཁོར་ཡུག་བཅོས་སྐྱོང་དང་སྣོད་བཅུད་སྲུང་སྐྱོང་གི་ཁྲོམ་རའི་མ་ལག་འཛུགས་དགོས་པ། ཐོན་ཁུངས་ཟད་གྲོན་དང་། ཁོར་ཡུག་གཏོར་སྐྱོན། སྣོད་བཅུད་ཕན་འབྲས་མཚོན་པའི་སྣོད་བཅུད་ཤེས་དཔལ་གྱི་ལས་རྗེས་དཔྱད་བརྗོད་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ཀྱི་ལམ་ལུགས་འཛུགས་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་རིམ་ཁག་ས་ཁུལ་གྱི་སྡེ་ཚན་ཁག་གིས་སྒྱུར་བཅོས་དང་འཕེལ་རྒྱས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ་འགན་འཁྲིའི་བསམ་པ་དང་། དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་མ་ཏན་ཏིག་བཏང་སྟེ། རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
         ཚོགས་འདུའི་ཐོག་རིག་རྩལ་ནི་མི་རིགས་ཀྱི་སྙིང་སྟོབས་མཚོན་པའི་དཔལ་འབར་ལྟ་བུ་དང་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ལྟ་བུ་རེད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བར་ཀྲུང་ཧྭའི་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པ་དང་རིག་རྩལ་བྱ་གཞག་དར་རྒྱས་ཡོང་བ་དང་བྲལ་ཐབས་མེད། སྙིང་སྟོབས་ཀྱི་དར་ཆ་སྒྲེང་བ་དང་། སྙིང་སྟོབས་ཀྱི་ཀ་རྟེན་འཛུགས་པ། བསམ་བློའི་ཁྱིམ་གཞིས་འཛུགས་པ་བཅས་ནི་དེང་རབས་ཀྲུང་གོའི་རིག་རྩལ་གྱི་བླ་ན་མེད་པའི་ལས་འགན་ཞིག་ཡིན་ལ། ཀྲུང་གོའི་སྙིང་སྟོབས་དར་སྤེལ་དང་། ཀྲུང་གོའི་རིན་ཐང་བརྒྱུད་སྤེལ། ཀྲུང་གོའི་སྟོབས་ཤུགས་གཅིག་འགྲིལ་བཅས་ནི་རིག་རྩལ་ལས་དོན་པའི་བླ་ན་མེད་པའི་འགན་འཁྲི་ཞིག་ཀྱང་རེད་ཅེས་བསྟན་པ་རེད།
         ཚོགས་འདུའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་བར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“ཞབས་ཞུ་གཉིས”ཀྱི་ཁ་ཕྱོགས་དང“བརྒྱ་གཉིས”བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་རྒྱ་ཆེའི་རིག་རྩལ་ལས་དོན་པར་དམ་པོར་བརྟེན་ནས་མི་དམངས་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ་ལག་ལེན་དང་། འཚོ་བ། མང་ཚོགས་བཅས་ཁྲོད་ཟབ་འཇུག་གིས་མི་རིགས་ལ་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་རིག་རྩལ་བརྩམས་ཆོས་སྤུས་དག་ཁྱབ་གདལ་བཏང་ནས་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། རིན་ཐང་ཁྲིད་སྟོན་གྱི་ནུས་པ་དང་། རིག་གནས་ཀྱི་གོང་བུ་འགྲིལ་ཤུགས། བསམ་པའི་སྐུལ་འདེད་ནུས་པ་བཅས་སྟོབས་ཆེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས།
         ཚོགས་འདུའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་བར་མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་གྱི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་མི་དམངས་ཆེད་དུ་རྩོམ་འབྲི་དང་མི་དམངས་ཆེད་དུ་བརྩེ་བ་མཚོན་པར་བྱས་ཏེ་མི་དམངས་ཀྱི་ཞིབ་བཤེར་ཐོབ་པའི་གདེང་འཇོག་གི་ཚད་གཞི་འཛུགས་དགོས། ཀྲུང་གོའི་ཕུགས་འདུན་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་རྟ་དབྱངས་གཙོ་བོ་མཆོག་ཏུ་འཛིན་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཐོག་ཀྲུང་གོའི་སྙིང་སྟོབས་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་གྱི་བླ་སྲོག་ལ་འགྱུར་བ་བྱེད་དགོས། གསར་རྩོམ་གྱི་སྙིང་སྟོབས་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་རིག་རྩལ་རིག་གཞུང་དང་དཔྱད་བརྗོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་དྲ་བའི་རིག་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་རིག་རྩལ་འཐབ་ས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཕྱིར་བསྐྱོད་རྒྱུར་སྐུལ་མ་གཏོང་དགོས། བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་བྱ་རྒྱུ་དེ་དཔུང་ཁག་འཛུགས་སྐྱོང་གི་ཨང་དང་པོར་བཞག་ནས་རིག་རྩལ་སྣེ་ཁྲིད་མི་སྣ་དང་བྱང་ཚད་མཐོ་བའི་རིག་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ཏེ་རིག་རྩལ་རྩ་འཛུགས་དང་རིག་རྩལ་ཚོགས་སྤྱི་གསར་པའི་ལས་དོན་ཡག་པོ་སྒྲུབ་ནས་སྤྱོད་རྩལ་གཉིས་ལྡན་གྱི་རིག་རྩལ་དཔུང་ཁག་ཧུར་ཐག་བསྐྲུན་དགོས་པའི་ནན་བཤད་བྱས།
         ཚོགས་འདུའི་ཐོག་ཏང་གི་འགོ་ཁྲིད་ནི་རིག་རྩལ་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་བའི་གཞི་རྩའི་འགན་ལེན་ཡིན། རིམ་ཁག་ཏང་ཨུད་ཀྱིས་རིག་རྩལ་ལས་དོན་དེ་ཉིན་རེའི་གལ་ཆེའི་གྲོས་རིམ་ནང་བཅུག་ནས་ཆེ་མཐོང་ཐོག་ནས་སློབ་སྟོན་བྱེད་པ་དང་རིག་རྩལ་གྱི་ཁ་ཕྱོགས་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་རིག་རྩལ་བྱ་གཞག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱིའི་འཆར་འགོད་ནང་བཅུག་ནས་ཀྲུང་དབྱང་གིས་རྒྱབ་སྐྱོར་བྱེད་པའི་རིག་རྩལ་འཕེལ་རྒྱས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་ས་གནས་དེ་གས་རྒྱབ་སྐྱོར་བྱེད་པའི་རིག་རྩལ་འཕེལ་རྒྱས་ཀྱི་ཞིབ་ཕྲའི་བྱ་ཐབས་བཟོ་དགོས། རིམ་ཁག་ཏང་ཨུད་དྲིལ་བསྒྲགས་སྡེ་ཚན་གྱིས་ཕྱོགས་ཚང་མའི་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་རིག་རྩལ་ལས་དོན་ཡག་པོ་སྒྲུབ་ནས་ཏང་ཨུད་ཀྱིས་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་པ་དང་། དྲིལ་བསྒྲགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་པ། རིག་གནས་དང་། སློབ་གསོ། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྩོམ་པ་པོ་མཐུན་ཚོགས་སོགས་སྡེ་ཚན་དང་ཚོགས་པས་མཐུན་སྦྱོར་སྐུལ་འདེད་ཀྱིས་སྤྱི་ཚོགས་ཕྱོགས་ཡོངས་ཧུར་ཐག་ཞུགས་པའི་རིག་རྩལ་ལས་དོན་གྱི་རྣམ་པ་གསར་པ་ཆགས་པ་བྱེད་དགོས། རིག་རྩལ་ཚན་པའི་འགོ་ཁྲིད་ཚན་ཁག་ལེགས་འདེམས་དང་སྟོབས་ཆེན་བཀོད་སྒྲིག་བྱས་ཏེ་རིག་རྩལ་ལས་རིགས་ཀྱི་སྤྱོད་གཙང་འཛུགས་སྐྱོང་ལ་སྐུལ་མ་བཏང་ནས་རིག་རྩལ་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་རྩལ་བྱ་དགའ་དཔྱད་འདེམས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་བྱ་དགའ་དཔྱད་འདེམས་ཀྱི་ཀུན་གྱི་སྤྱི་མོས་ཐོབ་ཚད་དང་ཤུགས་རྐྱེན་ཐེབས་ནུས་མཐོ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས།
         ཚོགས་འདུའི་ཐོག་ད་དུང་གནད་དོན་གཞན་དག་ཞིབ་འཇུག་བྱས་ཡོད།