འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་བཞུགས་གནས་སུ་ཚོགས་འདུའི་སྤྱོད་ཚུལ་སྒྲིག་ལམ་གྱི་བསམ་འཆར་སྒམ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་05ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཨུ་ཡོན་བཞུགས་གནས་སུ་ཚོགས་འདུའི་སྤྱོད་ཚུལ་སྒྲིག་ལམ་གྱི་བསམ་འཆར་སྒམ་བཙུགས་པ།
         མི་དམངས་དྲ་བའི་འཕྲིན། ཉིན་གྱི་ཕྱི་དྲོའི་ཆུ་ཚོད་1དང་སྐར་མ་30ཙམ་ལ་སྲིད་གྲོས་ཨུ་ཡོན་བཞུགས་གནས་ཁུན་ཐའེ་མགྲོན་ཁང་ནས་ཨུ་ཡོན་རྣམས་སྔ་རྗེས་སུ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། 
         མགྲོན་ཁང་གི་ཚོམས་ཆེན་ནང་འཛུལ་སའི་སྒོ་ཁར་སྤྱི་བསྒྲགས་བྱང་བུའི་འགྲམ་དུ་ཀུན་གྱིས་མཐོང་ཐུབ་པའི་ཤིང་སྒམ་དམར་པོ་ཧ་ལམ་མཐོ་ཚད་སྨི་གཅིག་ཙམ་ཟིན་པ་ཞིག་བཞག་ཡོད་པའི་ངོས་ལ“ཚོགས་འདུའི་སྤྱོད་ཚུལ་སྒྲིག་ལམ་གྱི་བསམ་འཆར་སྒམ”ཞེས་གཞི་དཀར་པོར་ཡིག་འབྲུ་དམར་པོས་བྲིས་པས་ཧ་ཅང་མངོན་གསལ་དོད།
         དེ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་ནས་ཚོགས་འདུའི་སྤྱོད་ཚུལ་ལེགས་ཤིང་ནན་པོ་ཡོང་ཆེད་འདི་ལོ་ཚོགས་ཆེན་གྱིས་ཚོགས་འདུའི་སྤྱོད་ཚུལ་སྒྲིག་ལམ་ལྟ་ཞིབ་ཚོགས་ཆུང་ཐོག་མར་བཙུགས་ནས་ས་ཆ་དངོས་ལ་ལྟ་ཞིབ་བྱ་རྒྱུ་ཡིན་པར་བརྟེན་ཨུ་ཡོན་ཚང་མའི་བཞུགས་གནས་ལ་ཚོགས་འདུའི་སྤྱོད་ཚུལ་སྒྲིག་ལམ་གྱི་བསམ་འཆར་སྒམ་བཙུགས་ཏེ། “གཏན་འབེབས་དོན་ཚན་བརྒྱད་ལས་འགལ”རིགས་ལ་ཨུ་ཡོན་ཚོས་མིང་མ་བཀོད་པའི་ཐོག་ནས་གནས་ཚུལ་ཞུ་ཆོག་གི་ཡོད་པ་རེད།
         ཧྲང་ཧའེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨུ་ཡོན་ཀྲོའུ་ཧན་མིང་གིས“ང་སྲིད་གྲོས་ཀྱི་ཚོགས་འདུ་བཅུ་གྲངས་ཁ་ཤས་ལ་ཞུགས་པའི་ནང་ནས་ད་རེས་ཀྱི་ཚོགས་འདུའི་ཐོག་གཏན་འབེབས་དོན་ཚན་བརྒྱད་ལ་ནན་པོར་གཞིགས་ཏེ་སྲིད་གླེང་བྱ་རྒྱུ་སྔར་ལས་ལྷག་པར་གཅིག་སྡུད་ལྡན་ལ་སྡོད་ས་དང་བཀོད་པ་དག་ཀྱང་སྟབས་བདེ་ཞིང་ཁམས་གཙང་བ་ཞིག་འདུག ཚོགས་འདུའི་སྤྱོད་ཚུལ་སྒྲིག་ལམ་གྱི་བསམ་འཆར་སྒམ་ཐོག་མར་བཙུགས་པ་ནི་དང་ཐོག་ཨུ་ཡོན་རྣམས་ལ་གཅུན་སྡོམ་བྱས་པ་ཞིག་ཡིན་ལ། བར་ལ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་གཅུན་སྡོམ་བྱས་པ་ཞིག མཐའ་མཇུག་ཚོགས་འདུར་གྲོས་འགོ་བཏོན་པ་ཞིག་ཡིན་པས་འདི་ལོའི་ཚོགས་ཆེན་ཐོག་ཨུ་ཡོན་རྣམས་ཀྱི་བསམ་པའི་ཁྱེར་སོར་འགྱུར་ལྡོག་བྱུང་ནས་ཚང་མས་བློ་རྩེ་བསྒྲིམས་པ་དང་དོན་གནད་ལ་དམིགས་རྒྱུ་གལ་ཆེར་བརྩི་བཞིན་ཡོད”ཅེས་བཤད།
         འགྲམ་ནས་སྐྱོད་པའི་ཧྲན་ཤིས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨུ་ཡོན་ལིའུ་ཏན་ཧྲེང་ལ་མྱོང་ཚོར་གཅིག་འདྲ་བྱུང་བཞིན་དུ“འདི་ལོའི་ཚོགས་འདུ་དང་ལྷག་པར་དུ་སྒྲིག་ཁྲིམས་ནན་གཏོང་དང་། གཏན་འབེབས་ནན་སྐྱོང་། ཚོགས་འདུའི་སྣེ་ལེན། བཀོད་སྒྲིག་བཅས་ཕྱོགས་གང་ས་ཅི་ཐད་ལ་ཁུ་བསྡུས་པོ་བཟོས་པ་མ་ཟད། རང་འདེམས་ཚལ་དག་ཀྱང་དེ་ཙམ་རྒྱས་སྤྲོས་བྱས་མེད་པར་མི་རེར་སྒོར་60ཡིན་པས་སྣེ་ཁ་འཛོམས་པོ་འདུག”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཚོགས་ཆེན་ཐོག་བྱ་ཐབས་མང་པོ་བཏོན་ནས་ཚོགས་འདུའི་སྤྱོད་ཚུལ་སྒྲིག་ལམ་ཡོ་བསྲང་ཏན་ཏིག་བྱས་ཏེ་ཚོགས་འདུའི་སྒྲིག་ལམ་ཡག་པོ་སྲུང་བ་དང་། ཚོགས་འདུའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ཡིག་ཆ་ཁུ་བསྡུས་པ། ཚོགས་འདུའི་བཀོད་སྒྲིག་སྟབས་བདེར་གཏོང་བ། གསར་འགྱུར་གཏོང་སྤེལ་ལེགས་བཅོས་བྱེད་པ། གཞུང་དོན་སྣེ་ལེན་བསྡུས་སུ་གཏོང་བ། ཚོང་ལས་བྱེད་སྒོ་གཏན་འགོག་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་སོགས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།