འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོར་མཐོ་སློབ་སློབ་བསྡུའི་ཐད་གྲོང་གསེབ་ཀྱི་སློབ་མ་གཙོ་གནད་མཐོ་སློབ་
    ཏུ་བསྡུ་བའི་མི་གྲངས་མང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་25ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུས་<<2015ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་>>གཤམ་སྤེལ་བྱས་ནས་<<ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལག་བསྟར་བསམ་འཆར་>>ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཐོ་སློབ་ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྔར་ལས་ལྷག་པའི་ངང་སློབ་ཞུགས་གོ་སྐབས་དྲང་གཞག་དང་། ཤེས་ལྡན་མི་སྣ་གདམ་གསེས་ཆུ་ཚད་མཐོར་གཏོང་། ཁྲིམས་ལྟར་ཡིག་རྒྱུགས་བཅོས་སྐྱོང་དང་སློབ་བསྡུ་བཅོས་སྐྱོང་ནན་དུ་གཏོང་རྒྱུ་བཅས་ཀྱི་ཐོག་ནས་མཐོ་སློབ་ཡིག་རྒྱུགས་སློབ་བསྡུའི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         <<བརྡ་ཐོའི>>ནང་དབུས་ནུབ་ས་ཁུལ་དང་མི་འབོར་མང་བའི་ཞིང་ཆེན་ནས་མཐོ་སློབ་ཡིག་རྒྱུགས་སློབ་བསྡུ་བྱེད་ཚད་མཐོ་རུ་གཏོང་དགོས། “དབུས་ནུབ་ས་ཁུལ་གྱི་སློབ་མ་བསྡུ་རྒྱུར་རོགས་སྐྱོར་བྱེད་པའི་རོགས་ལས་འཆར་གཞི”ལག་ལེན་ཤུགས་ཆེན་བསྟར་བ་དང་། སློབ་ཁུངས་འཆར་གཞིའི་གསོག་འབོར་ལེགས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་སྡེ་ཚན་ཁོངས་གཏོགས་མཐོ་སློབ་ཀྱིས་ཁོངས་གཏོགས་སློབ་བསྡུའི་འཆར་གཞིའི་བསྡུར་གྲངས་དམའ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་མུ་མཐུད་སྤྱད་དེ་སྔར་ལས་ལྷག་པའི་ངང་དབུས་ནུབ་ས་ཁུལ་དང་སློབ་མ་བསྡུ་ཚད་བལྟོས་བཅས་ཀྱིས་དམའ་བའི་ཞིང་ཆེན་ནས་ཞིང་ཆེན་སྒྲོལ་བའི་སློབ་བསྡུའི་མི་གྲངས་མང་དུ་གཏོང་དགོས། དེ་དང་ཆབས་ཅིག་མཐོ་སློབ་ཀྱིས་སློབ་གྲྭ་དེ་གའི་དྲ་ཚུགས་ཐོག་སྤྱི་ཚོགས་ཡོངས་ལ་སློབ་བསྡུའི་འཆར་གཞི་བགོ་འགྲེམས་ཀྱི་རྩ་དོན་དང་བྱ་ཐབས་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། དུས་མཚུངས་<<བརྡ་ཐོའི་>>ནང་གྲོང་གསེབ་ཀྱི་སློབ་མ་གཙོ་གནད་མཐོ་སློབ་དུ་སྐྱོད་པའི་མི་གྲངས་མང་དུ་གཏོང་དགོས། གྲོང་གསེབ་ཀྱི་ས་ཁུལ་དབུལ་པོ་ནས་ལས་གནས་གཏན་འཁེལ་ངང་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་དང་། ས་གནས་ཀྱི་ཆེད་དོན་འཆར་གཞི། མཐོ་སློབ་ཀྱི་གྲོང་གསེབ་ནས་ལེགས་སུ་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་བཅས་མུ་མཐུད་ལག་ལེན་བསྟར་ཏེ་གྲོང་གསེབ་ཀྱི་སློབ་མ་གཙོ་གནད་མཐོ་སློབ་ཏུ་སྐྱོད་པའི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         མཐོ་རིམ་ལས་རིགས་སློབ་གླིང་གི་རིགས་དབྱེའི་ཡིག་རྒྱུགས་ལ་དམིགས་ནས་<<བརྡ་ཐོའི་>>ནང“རིག་གནས་བྱང་ཚད་དང་ལས་རིགས་རྩལ་ནུས་ཟུང་དུ་འབྲེལ་བའི”གདེང་འཇོག་བྱ་ཐབས་ཁྱབ་སྤེལ་བཏང་སྟེ་སྔར་ལས་ལྷག་པའི་ངང་མཐོ་སློབ་ལས་རིགས་སློབ་གླིང་གི་སྣ་མང་ཅན་རིགས་དབྱེའི་ཡིག་རྒྱུགས་བྱེད་སྟངས་འཐུས་ཚང་དུ་བཏང་སྟེ་2015ལོར་རིགས་ཁག་གི་རིགས་དབྱེའི་ཡིག་རྒྱུགས་སློབ་བསྡུའི་སློབ་མས་མཐོ་སློབ་དང་ལས་རིགས་སློབ་གླིང་གི་སློབ་བསྡུའི་བསྡོམས་འབོར་གྱི་ཕྱེད་ཀ་ཙམ་ཟིན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         འབྲེལ་ཡོད་མཐོ་རྒྱུགས་ནང་སྐར་མ་སྣོན་ཉུང་དུ་དང་ཚད་ལྡན་དུ་གཏོང་རྒྱུ་དང་། དེ་བཞིན་མཐོ་སློབ་ཀྱི་རང་བརྟེན་སློབ་བསྡུ་འཐུས་ཚང་དང་ཚད་ལྡན་དུ་གཏོང་རྒྱུའི་ཐད་<<བརྡ་ཐོའི་>>ནང་རིམ་ཁག་ས་གནས་ཁག་གིས་སློབ་གསོ་པུའུ་སོགས་སྡེ་ཚན་ལྔ་ཡི་<<སྔར་ལས་ལྷག་པའི་ངང་མཐོ་རྒྱུགས་ནང་སྐར་མ་སྣོན་པའི་རྣམ་གྲངས་ཉུང་དུ་དང་སྐར་ཚད་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་བསམ་འཆར་>>དོན་འཁྱོལ་ནན་པོ་བྱས་ནས་ཁྲིམས་དང་མི་མཐུན་པ་དང་། ལུགས་དང་མི་མཐུན་པ། འཚམ་པོ་མེད་པ་བཅས་ཀྱི་ས་གནས་རང་བཞིན་གྱི་སྐར་སྣོན་རྣམ་གྲངས་མཐའ་གཅིག་ཏུ་མེད་པ་བཟོ་དགོས། སྐར་སྣོན་སློབ་མའི་ཐོབ་ཐང་ཞིབ་བཤེར་ནན་པོ་བྱས་ནས་སྐར་སྣོན་སློབ་མའི་ཐོབ་ཐང་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འགལ་ཐེར་འདོན་གོང་ཞུ་དང་རྒྱུ་མཚན་ཞུ་འབུལ་བདག་སྤྲོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཐོབ་ཐང་རྫུན་བཟོའི་རྒྱུགས་སྤྲོད་སློབ་མར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱེད་དགོས། དེ་དང་ཆབས་ཅིག་ས་གནས་ཁག་དང་འབྲེལ་ཡོད་མཐོ་སློབ་ཀྱིས་དཔྱད་ཞིབ་ནང་དོན་དང་བྱ་ཐབས་གཏན་འཁེལ་ལུགས་མཐུན་ཡོང་བ་བྱེད་དགོས་པ་དང་རང་བརྟེན་སློབ་བསྡུ་བྱ་ཐབས་དང་། དཔྱད་ཞིབ་བརྒྱུད་རིམ། སློབ་བསྡུ་བྱས་འབྲས་བཅས་ཚད་ལྡན་དང་ཡོངས་བསྒྲགས་ཀྱིས་རང་བརྟེན་སློབ་བསྡུའི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་དགོས། 2015ལོ་ནས་བཟུང་ཚོད་ལྟའི་མཐོ་སློབ་ཁག་གིས་རང་བརྟེན་སློབ་བསྡུའི་དཔྱད་ཞིབ་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་མཇུག་འགྲིལ་རྗེས་དང་མཐོ་རྒྱུགས་སྐར་གྲངས་ཁྱབ་བསྒྲགས་མ་བྱས་གོང་བཀོད་སྒྲིག་བྱེད་དགོས་པ་དང་། མཐོ་རྒྱུགས་གོང་བྱ་ཐབས་གང་རུང་སྤྱད་དེ་རང་བརྟེན་སློབ་བསྡུ་དང་འབྲེལ་བ་ཡོད་པའི་དཔྱད་ཞིབ་བྱེད་སྒོ་སྤེལ་མི་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད།
         མཐོ་སློབ་སློབ་བསྡུའི་གདམ་གསེས་ལམ་སྲོལ་དང་སློབ་བསྡུ་བྱེད་སྟངས་འཐུས་ཚང་དུ་གཏོང་རྒྱུའི་ཐད་<<བརྡ་ཐོའི་>>ནང་མཐོ་སློབ་ཁག་གིས་སློབ་བསྡུའི་སྒྲིག་ཡིག་འཐུས་ཚང་དུ་བཏང་ནས་སློབ་གྲྭའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་པ་གདན་དྲངས་ནས་ཕྱོགས་གསུམ་པའི་ལྟ་སྐུལ་བྱས་ཏེ་རྒྱུགས་སྤྲོད་སློབ་མའི་རྒྱུ་མཚན་ཞུ་འབུལ་བདག་སྤྲོད་ལམ་སྲོལ་དང་སློབ་བསྡུའི་འགན་འཁྲི་བདའ་འདེད་ལམ་ལུགས་འཛུགས་དགོས། ས་གནས་ཁག་གིས་ཡིག་ཚགས་ལ་བརྟེན་ནས་སློབ་མ་བསྡུ་སྟངས་ལེགས་སུ་བཏང་སྟེ་རིམ་མཚུངས་རེ་འདུན་གྱི་ཡིག་ཚགས་བསྐུར་བའི་སློབ་བསྡུའི་བྱ་ཐབས་ལ་སྐུལ་འདེད་དང་འཐུས་ཚང་དུ་གཏོང་བ་དང་། རིམ་མཚུངས་རེ་འདུན་གྱི་གྲངས་འབོར་མང་དུ་འོས་འཚམ་བཏང་སྟེ་རྒྱུགས་སྤྲོད་སློབ་མ་དེའི་ནང་མ་ཚུད་པའི་ཉེན་ཁ་ཅུང་ཆུང་དུ་གཏོང་དགོས། 2015ལོར་ཞིང་ཆེན་ཁག་གཅིག་གི་ཚོད་ལྟའི་ས་ཚིགས་ཀྱིས་མཐོ་སློབ་སློབ་བསྡུའི་ཁག་ཐེངས་རིམ་གྱིས་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         <<བརྡ་ཐོའི་>>ནང་ད་དུང་ས་གནས་ཁག་དང་མཐོ་སློབ་ཁག་གིས་སྔར་ལས་ལྷག་པའི་ངང་ཚད་ལྡན་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཡིག་རྒྱུགས་སློབ་བསྡུ་དྲང་གཞག་དྲང་སྙོམས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་སློབ་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་བསྡུའི་ཆ་འཕྲིན“ཡོངས་བསྒྲགས་བཅུ”དོན་འཁྱོལ་ནན་པོ་བྱས་ནས་གཙོ་གནད་ཐོག་རང་བརྟེན་སློབ་བསྡུའི་སློབ་མ་དང་། འོས་སྐྱེལ་སློབ་མ། ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག ཆུ་ཚད་མཐོ་བའི་སྒྱུ་རྩལ་ཚོགས་པ་སོགས་དམིགས་བསལ་རིགས་ཀྱི་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་དང་སློབ་བསྡུའི་བླང་བྱ་སྤྱི་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་སྤྱི་བསྒྲགས་མ་བྱས་པའི་རྒྱུགས་སྤྲོད་སློབ་མ་བསྡུ་མི་ཆོག རིམ་དབྱེ་འགན་འཁུར་དང་ཚད་ལྡན་ནུས་ཆེའི་རྒྱལ་ཁབ་དང་། ས་གནས། མཐོ་སློབ། མཐོ་རིམ་འབྲིང་རིམ་སློབ་གསོའི་སློབ་གྲྭ་སོགས་ཀྱི་རིམ་པ་མང་བའི་མཐོ་སློབ་སློབ་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཡིག་རྒྱུགས་བདེ་འཇགས་ལམ་ལུགས་དང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་ཏེ་ཚན་རྩལ་མཐོ་བའི་བྱ་ཐབས་སྤྱད་ནས་རྫུན་བཟོ་དང་། ཚབ་རྒྱུགས། ཡིག་རྒྱུགས་སློབ་མ་མང་པོ་ནང་མཉམ་དུ་བཤུ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས། ཁ་དན་ཚིག་གནས་ཀྱི་ལམ་ལུགས་བཙུགས་ནས་ཡིག་རྒྱུགས་ཀྱི་ཁ་དན་ཚིག་གནས་ཡིག་ཚགས་འཛུགས་བཟོ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚད་ལྡན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་འགལ་རིགས་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་སློབ་སློབ་བསྡུའི“བྱེད་མི་ཆོག་པ་26”གི་བཀག་རྒྱ་བཏོན་ནས་དམར་ཐིག་གཏན་འཁེལ་གྱིས་སྒྲིག་ཁྲིམས་ནན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།