འཚོལ་བཤེར།   
藏文频道
2023ལོའི་ཟླ་12ཚེས་15ཉིན།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ལྷན་དུ་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་མཛའ་གྲོགས་མི་སྣའི་འཐུས་མི་དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་15ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧ་ནོ་དབྱིར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྟངས་དཔྱལ་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་མཛའ་གྲོགས་མི་སྣའི་འཐུས་མི་དང་མཇལ་འཕྲད་གནང་བ་རེད། འདི་ནི་ཞི་ཅིན་ཕིང་གིས《སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་རྒྱང་ལམ་གསར་པ་གཏོད་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧ་ནོ་དབྱིར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྟངས་དཔྱལ་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་མཛའ་གྲོགས་མི་སྣའི་འཐུས་མི་དང་མཇལ་འཕྲད་གནང་བ་རེད། འདི་ནི་ཞི་ཅིན་ཕིང་གིས《སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་རྒྱང་ལམ་གསར་པ་གཏོད་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧ་ནོ་དབྱིར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྟངས་དཔྱལ་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་མཛའ་གྲོགས་མི་སྣའི་འཐུས་མི་དང་མཇལ་འཕྲད་གནང་བ་རེད།
     ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཕེབས་འབྱོར་ཟིན་སྐབས་ཝེ་ཐེ་ནམ་ཕྱོགས་ཀྱི་གཞོན་ནུའི་འཐུས་མིས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
     ཞི་ཅིན་ཕིང་སྟངས་དཔྱལ་དང་རོན་ཧྥུའུ་ཀྲུང་སྟངས་དཔྱལ་གྱིས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་མཛའ་གྲོགས་མི་སྣའི་འཐུས་མི་དང་བྱམས་བརྩེའི་ངང་ལྷན་བཞུགས་སྐུ་པར་བསྐྱོན་པ་རེད།
     ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མི་སྣ་དང་གཞོན་ནུའི་མཇལ་འཕྲད་ཚོགས་འདུ་འཚོག་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཅིང་། མེ་ཏོག་སོས་པ་དང་རྒྱལ་ཁབ་གཉིས་པོའི་ཏང་དར་དང་རྒྱལ་དར་གྱི་འོད་མདངས་ཕན་ཚུན་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད།
    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས《སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་རྒྱང་ལམ་གསར་པ་གཏོད་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལས་ལ་གཞོལ་མཁན་གྲོགས་པོ་གསར་རྙིང་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཁ་སང་ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཁྱབ་བསྒྲགས་བྱས་ཏེ། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཕྱེ་ཡོད། འདི་ནི་ང་ཚོས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་དར་རྒྱས་གཏོང་བ་དང་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོ་ཡུན་རིང་བདེ་འཁོད་ཡོང་ཆེད་འཐབ་ཇུས་ཀྱི་བཀོད་ཇུས་གལ་ཆེན་བྱས་པ་ཞིག་ཡིན་ཞིང་། དེའི་རྩ་བ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་ཐུག་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་བསམ་འདུན་དང་མཐུན་ཡོད།
     འདས་ཟིན་པར་ཕྱིར་མིག་ལྟ་སྐབས། ང་ཚོས་བློ་སེམས་གཅིག་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ཡོད། ཉེ་རབས་ཚུན་དུ། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཐུན་མོང་གི་ཕུགས་བསམ་དང་དད་སེམས་བརྟན་པོ་བསྲུངས་ནས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བྱ་གཞག་བརྩོན་ལེན་བྱེད་རིང་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ཀྲུའུ་ཞི་ཧུའུ་ཀྲི་མིང་གི་གྲགས་ཅན་སྙན་ཚིག“ཝེ་ཀྲུང་དབར་གྱི་མཛའ་བརྩེ་ཟབ། བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པ”དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླ་དེའི་ནང་བརྗེད་པར་དཀའ་བའི་ལོ་རྒྱུས་ཀྱི་དྲན་ཤེས་ཤིག་ཏུ་གྱུར་ཡོད། མིག་སྔར་གཞི་ཚུགས་ནས་ང་ཚོའི་ཐོག་མའི་བསམ་འདུན་བརྟན་པ་དང་མཉམ་ལས་གཉིས་ཁེ་བྱུང་ཡོད། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15སོང་ཚུན། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཏང་གཉིས་ཀྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ང་ཚོའི་མདུན་ལམ་ནི་ཕན་ཚུན་འབྲེལ་བ་དང་ལས་དབང་ནི་གཅིག་མཐུན་ཡིན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཝེ་ཐེ་ནམ་གྱིས་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ནས་ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་པ་འདོགས་པ་དང་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་གྱི་མཐའ་འཁོར་ཕྱི་འབྲེལ་བྱེད་ཕྱོགས་དང་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། བསྟུན་མཁས་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་རྒྱུ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་རྨང་གཞི་མི་དམངས་ལ་ཐུག་པ་དང་འབྱུང་འགྱུར་གཞོན་ནུར་བཅོལ་ཡོད། ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་གཞོན་ནུར་རེ་བ་གསུམ་བཏོན་གནང་བ་སྟེ།
     གཅིག་ནི་མཉམ་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་རྒྱུན་འཛིན་པ་བྱས་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དེ་ཡིན། དེང་གི་ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོར་བརྟེན་ནས་ཕྱོགས་གཉིས་པོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུ་ནི་རྦད་དེ་ཡང་དག་ཡིན་པ་དང་། རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་དེ་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཕན་པ་ཡོད་ལུགས་འཛམ་གླིང་ལ་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱས་ཡོད། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་ལྷག་པར་དུ་གཞོན་ནུའི་མི་རབས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་རྒྱང་ལམ་གྱི་སྣེ་ཁྲིད་མཁན་ལ་འགྱུར་བར་བྱས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་ལམ་དམིགས་ཚད་མངོན་འགྱུར་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་དང་།
     གཉིས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དར་རྒྱས་ནང་ཞུགས་མཁན་བརྩོན་ལེན་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ཡུན་རིང་བདེ་འཁོད་ཡོང་ཆེད་ནུས་ཤུགས་གང་ཡོད་འདོན་དགོས་པ་དེ་ཡིན། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་ཝེ་ཐེ་ནམ་གྱི་གསར་བཅོས་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་ནི་རང་ཉིད་ཀྱིས་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། ཞི་བདེ་དང་། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལས་ཕན་པ་ཐོབ་པ་ཞིག་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ནི་རྒྱལ་ཁབ་གཉིས་པོའི་ཆགས་ས་རྟེན་ས་ཡིན་པ་དང་། སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་ནི་མི་ཡུལ་གྱི་འགྲོ་ལམ་ཡང་དག་ཅིག་རེད། ཕྱོགས་གཉིས་པོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་འདུས་གྲུབ་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མཐུན་སྒྲིལ་ཡར་བརྩོན་གྱི་དྲང་ནུས་དེ་བས་མང་བ་གཅིག་ཏུ་བསྒྲིལ་ཏེ་ཞི་མཐུན་དར་རྒྱས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འཛུགས་སྐྲུན་ལ་ཐུན་མོང་ཐོག་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
     གསུམ་ནི་མིའི་རིགས་ཡར་ཐོན་གྱི་གསར་འབྱེད་པ་བྱེད་ཕོད་པར་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་འབད་འཐབ་ལྷོད་མེད་བྱེད་དགོས་པ་དེ་ཡིན། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཏང་གཉིས་པོ་ནི་གནམ་འོག་བློ་ལ་བཅངས་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་དང་། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་འགན་འཁུར་མཁན་གྱི་ཁོངས་མི་ཡིན་པས། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་མཁན་རྐང་འཛིན་སྟོབས་ཤུགས་ལ་འགྱུར་བར་བྱེད་དགོས། ཕྱོགས་གཉིས་པོས་བློ་རྒྱ་དེ་བས་ཡངས་པ་དང་མིག་རྒྱང་དེ་བས་རིང་པོས་དུས་རབས་ཀྱི་འགན་འཁྲི་ཁུར་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་འབོད་སྒྲ་སྒྲོག་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་འདོན་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བརྒྱུད་པའི་ལམ་བུ་མ་བརྗེད་ན། གར་འགྲོའི་ཁ་ཕྱོགས་འཛོལ་མི་སྲིད། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་ནི་རྒྱལ་ཁབ་གཉིས་པོས་མདུན་སྐྱོད་ལམ་བུར་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་པ་གང་ལེགས་མཚོན་གྱི་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ལག་གདང་སྦྲེལ་ནས་ཡག་པོ་བསྐྱོད་དེ་བཟོ་ལས་ཅན་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱས་ཏེ་ཐུན་མོང་ཐོག་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། (པ་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)