འཚོལ་བཤེར།   
藏文频道
2022ལོའི་ཟླ་10ཚེས་18ཉིན།

༄༅།།མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་པ་ཉི་མ་ལྷ་འཛོམས་ལགས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་12ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་པ་ཉི་མ་ལྷ་འཛོམས་ལགས།
  མི་དམངས་དྲ་བའི་འཕྲིན། 2015ལོའི་4·25ས་ཡོམ་རྒྱག་སྐབས་ཤོལ་པོ་སྒང་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་ཁོང་གིས་རང་ཉིད་ཀྱི་བདེ་སྡུག་ལ་མ་བལྟས་པར་ཡོམ་འགོག་གེགས་སེལ་གྱི་ལས་ཀ་ཧུར་ཐག་སྒྲུབ་པ་རེད། ས་ཡོམ་བརྒྱབ་པའི་རྗེས། ཁོང་གིས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་སྒྲིག་འཛུགས་གནང་སྟེ་བདེ་བླག་ངང་འགྲམ་ཁུལ་གསར་དུ་གཞིས་ཆགས་པར་བྱས་པ་རེད། ད་ཆ་ཁོང་གིས་ཕྱོགས་གཅིག་ནས་མང་ཚོགས་ཀྱི་ཁྲོད་དུ་ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་གནང་བ་དང་། ཕྱོགས་གཅིག་ནས་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་ཧུར་ཐག་གནང་གི་ཡོད། ཁོང་གིས་ཤ་སྐམ་ཡང་འགྱུར་མེད་སྟོབས་ལྡན་གྱི་མང་ཚོགས་ཀྱི་བདེ་སྡོད་འགན་འཁྲི་ལྗིད་པོ་ཁུར་ཡོད་པས། གྲོང་མི་ཚོའི་གུས་བཀུར་དང་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད། 
   མི་རིང་བར་ཉི་མ་ལྷ་འཛོམས་ལགས་པེ་ཅིང་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་རྒྱུའི་གནས་ཚུལ་དེ་འགྲམ་ཁུལ་གསར་དུ་ཁྱབ་རྗེས། འགྲམ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཀྲེ་བྱང་གིས། རྫོང་དུ་ཉར་ཚགས་བྱས་པའི་ཨ་མ་རྒན་མོ་ཚེ་རིང་ཆོས་སྒྲོན་ལགས་ཀྱིས་བསྒྲེངས་མྱོང་བའི་རྒྱལ་དར་དེ་གཟབ་ནན་གྱིས་ཉི་མ་ལྷ་འཛོམས་ལགས་ཀྱི་ཕྱག་ཏུ་བསྐྱལ་བ་རེད།
   འགྲམ་གྲོང་རྡལ་གྱི་རྒྱལ་དར་ཨ་མ་རྒན་མོ་ཚེ་རིང་ཆོས་སྒྲོན་ལགས་ཀྱི་རྒྱལ་གཅེས་སྙིང་སྟོབས་ས་མཐོའི་ཕྱོགས་གང་སར་ཁྱབ་པ་དང་། ཉི་མ་ལྷ་འཛོམས་ལགས་ཆུང་དུས་ནས་རྒྱལ་དར་ཨ་མ་ཁོང་གི་གཏམ་རྒྱུད་གསན་ཏེ་ནར་སོན་པ་རེད། ད་ཆ་ཨ་མ་རྒན་མོ་ཁོང་གྲོངས་ནས་ལོ་བཅུ་ཙམ་སོང་ཟིན་ནའང་། མེས་རྒྱལ་ལ་བཅངས་པའི་ལྷག་བསམ་རྣམ་དག་གི་བརྩེ་བ་ཟབ་པ་འདི་མཐའ་མཚམས་མང་ཚོགས་ཀྱི་སྙིང་དབུས་སུ་སྔར་བཞིན་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ད་རེས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་གྱུར་པས། ཁོང་གིས་ཏང་ཀྲུང་དབྱང་ལ་དེང་སྐབས་བོད་ཀྱི་མཐའ་མཚམས་མི་སེར་གྱི་བདེ་སྐྱིད་བསམ་ཚུལ་ཞུ་རྒྱུ་རེད་ལ། མི་དེ་བས་མང་བར་རྒྱལ་དར་དང་ཨ་མ་རྒན་མོའི་རྒྱལ་གཅེས་གཏམ་རྒྱུད་བཤད་རྒྱུ་རེད། 
    ས་ཡོམ་གྱིས་རྐྱེན་པས་འགྲམ་གྲོང་རྡལ་གྱི་མང་ཚོགས་རྣམས་འགྲམ་ཁུལ་གསར་དུ་གནས་སྤོ་དགོས་བྱུང་སྟེ། མི་རབས་ནས་མི་རབས་བར་འཚོ་བའི་ས་ཆ་ནས་ཁ་བྲལ་བས། མང་ཚོགས་མང་པོ་ཞིག་ཡང་བསྐྱར་ལས་ཀར་ཞུགས་དགོས་ཀྱི་ཡོད། ཉི་མ་ལྷ་འཛོམས་ལགས་ཀྱིས་ཕྱོགས་གཅིག་ནས་མང་ཚོགས་ཀྱི་ཁྲོད་དུ་དབུལ་སྒྲོལ་འགག་སྒྲོལ་སོགས་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་གནང་བ་དང་། ཕྱོགས་གཅིག་ནས་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཚན་ཁག་ལ་འབྲེལ་གཏུག་གནང་སྟེ། ཧུར་བརྩོན་ངང་མང་ཚོགས་ཀྱི་ནུས་རྩལ་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་མཚུངས་སུ་གྲོང་ཁྱེར་ཕྱི་ནང་གི་ཁེ་ལས་དང་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་ལས་ཞུགས་ཐབས་ལམ་རྒྱ་ཁྱབ་ཏུ་བཙལ་རོགས་དང་། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་བཤངས་རོགས་གནང་ཡོད་པ་རེད། 
   ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཉི་མ་ལྷ་འཛོམས་ལགས་ཀྱིས་གྲོང་མི་ཨུ་ལྷན་གྱི་ལས་བྱེད་པ་དང་མཉམ་དུ་མངའ་ཁོངས་ཁུལ་ཁག་དང་། ཁྱིམ་དུད་ཁག་ཏུ་འཚམས་འདྲིར་ཕེབས་རྒྱུ་མཐའ་འཁྱོངས་གནང་སྟེ། གནས་ཚུལ་དངོས་ལ་བརྟག་ནས་གཞི་གྲངས་གསལ་པོ་བཟོ་བ་དང་། མང་ཚོགས་དང་བསམ་ཚུལ་བརྗེ་རེས་ཀྱིས་གྲོགས་པོ་སྒྲིག་པ། མང་ཚོགས་ཀྱི་མདུན་དུ་སེམས་རྩ་འཁོལ་བ་དང་། ངང་རྒྱུད་རིང་བ། ཞིབ་ཚགས་པ། ལྷག་བསམ་རྣམ་དག་གིས་མཐུན་སྦྱོར་བྱེད་རོགས་དང་། མང་ཚོགས་ཀྱི་གནད་དོན་ཐག་གཅོད། དཀའ་ངལ་སེལ་རོགས་བཅས་གནང་ཡོད་པ་རེད།
    དབུལ་སྒྲོལ་དང་དབུལ་ཞྭ་ཕུད་ཐུབ་པར་བྱ་རྒྱུ་ནི་མཐར་གཏུག་ས་མིན་པ་དང་། གྲོང་གསེབ་དར་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱ་རྒྱུ་དེ་ཕུགས་ལ་དམིགས་པའི་བྱས་རྗེས་ཤིག་ཡིན། དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས་གཏང་རྒྱུ་འབྲེལ་མཐུད་ནུས་ལྡན་ཡོང་ཆེད། ཉི་མ་ལྷ་འཛོམས་ལགས་ཀྱིས་ཇུས་འགོད་ཞིབ་ཚགས་གནང་སྟེ། ཐོན་ལས་གོང་འཕེལ་བཏང་སྟབས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཕན་འབྲས་ཐོན་ཡོད། ན་ནིང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་འབད་བརྩོན་འོག   ཤོལ་པོ་སྒང་ཞིང་ཞོར་ཐོན་རྫས་མཉམ་ལས་ཁང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། མཉམ་ལས་ཁང་མིང་ཐོག་གི་སུར་པན་བཟོ་གྲྭར་ལོ་གཅིག་གི་ཁེ་བཟང་ཡོང་འབབ་སྒོར་ཁྲི་༡༢༠ལྷག་ཙམ་ཟིན་ཡོད་པ་རེད།