འཚོལ་བཤེར།   
藏文频道
2022ལོའི་ཟླ་10ཚེས་18ཉིན།

༄༅།།སྦེ་ག་འགྲན་བསྡུར་གྱི་འཛམ་གླིང་གི་ཨང་དང་པོ། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཤི་ལོག་སྒྲོལ་མ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་10ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྦེ་ག་འགྲན་བསྡུར་གྱི་འཛམ་གླིང་གི་ཨང་དང་པོ། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཤི་ལོག་སྒྲོལ་མ།
   མི་དམངས་དྲ་བའི་འཕྲིན། ཁོ་མོ་ནི་སྦེ་ག་འགྲན་མཁན་གྲགས་ཅན་ཞིག་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70ལྷག་ཙམ་སོང་རིང་། བོད་ལྗོངས་སུ་བྱུང་བའི་རྩལ་འགྲན་ལུས་རྩལ་གྱི་འཛམ་གླིང་གི་ཨང་དང་པོ་ཐོག་མ་དེ་རེད། ལོ་20ལྷག་ཙམ་རིང་། སྐྱེས་མའི་རང་མོས་རྣམ་པའི་སྦེ་གའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་ནས་དོ་དམ་ལས་གནས་བར། ཁོ་མོས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་སེམས་འདུན་བརྟན་སྲུང་དང་། རྩལ་ཁྲིད་པའི་ཚོགས་པ་དང་ལུས་རྩལ་པའི་ཚོགས་པ་དང་མཉམ་དུ་རྩལ་འགྲན་ལུས་རྩལ་སྦྱོང་བརྡར་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ནས། ཐུན་མོང་ཐོག་གྲུབ་འབྲས་བཟང་པོ་བཏོད་དེ་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་ཀྱི་ཡོད།   
   ཉིན་ཤས་སྔོན། 2022ལོའི་རྒྱལ་སྤྱིའི་སྦེ་ག་Aརིམ་པའི་འགྲན་བསྡུར་གྱི་ཕོ་ལན་འགྲན་ཚུགས་ནས། ཀྲུང་གོའི་འགྲན་ཞུགས་པ་བོད་ཀྱི་བུ་མོ་གཡང་ལགས་ཀྱིས་སྤྱི་རྒྱ་72རིམ་པའི་འགྲན་བསྡུར་ལས་གསེར་གྱི་བྱ་དགའ་ཐོབ་པའི་གཏམ་བཟང་ཐོན་པ་དེས་ཤི་ལོག་སྒྲོལ་མ་རབ་ཏུ་སྤྲོ་བར་བཅུག སྦེ་ག་ནི་ཤི་ལོག་སྒྲོལ་མས་ལོ་ངོ་ཉི་ཤུ་ལྷག་ལ་འབད་པའི་ལས་ཀ་ཡིན་ལ། བོད་ཀྱི་ཞིང་པའི་བུ་མོའི་འདིའི་ཚེ་གཅིག་གི་གཟི་བརྗིད་ཀྱང་རེད། 
   1987ལོར་ཤི་ལོག་སྒྲོལ་མ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཞང་གྲོང་གསར་པ་གྲོང་ཚོར་སྐྱེས། 
   2001ལོར། ཁོ་མོས་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭར་སྦེ་ག་སྦྱོང་།  
   2005ལོར། པེ་ཅིང་ལུས་རྩལ་སློབ་ཆེན་དུ་སློབ་སྦྱོང་ལ་ཕྱིན། 
   2010ལོར། རྒྱལ་ཁབ་ཀྱི་སྦེ་ག་ལུས་རྩལ་པ་ཞིག་ཏུ་གྱུར། 
   དེའི་རྗེས་སུ། མོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱི་རྒྱལ་ནང་གི་འགྲན་རའི་ཐོག་འབད་བརྩོན་བྱས་ནས་གྲུབ་འབྲས་མང་དུ་བླངས་ཡོད། 
   2017ལོར་ལུས་རྩལ་ཞབས་ཞུ་ཐིམས་རྗེས། ཁོ་མོ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕ་ཡུལ་དུ་ལོག་སྟེ་བོད་རང་སྐྱོང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་སྦྱོང་བརྡར་ཚན་ཁག་ཏུ་ལས་ཀ་བྱས། 
   ཤི་ལོག་སྒྲོལ་མ་ལུས་རྩལ་བ་ཡིན་དུས། མོའི་ཕུགས་བསམ་ཆེ་ཤོས་ནི་བྱ་དགའ་ལེན་པའི་སྟེགས་བུར་འཛེགས་རྒྱུ་དེ་རེད། ད་ཆར། དོ་དམ་ལས་གནས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཁོ་མོས་བོད་ལྗོངས་རྩལ་འགྲན་ལུས་རྩལ་ལ་ཤུལ་འཛིན་མཁན་ཡོད་པ་དང་། དར་རྒྱས་གོང་འཕེལ་ཡོང་བར་རེ་སྨོན་ཆེན་པོ་བྱེད་ཀྱི་ཡོད།
   བརྩོན་འགྲུས་ཅན་ལ་འབྲས་བུ་སྨིན།
   ད་ཆར་བོད་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་རྣམ་གྲངས་8ལ་ལུས་རྩལ་པ་180ཡོད་ཅིང་། 2017ལོ་ནས་2021ལོའི་བར། རྣམ་གྲངས་འདི་8ཀྱིས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཁྲོད་ནས་ཨང་དང་པོ་60ལྷག་དང་། ཨང་གཉིས་པ་60ལྷག  ཨང་གསུམ་པ་100ལྷག་བླངས་ཡོད་པ་རེད། 
   གཡུར་དུ་ཟ་བའི་གྲུབ་འབྲས་འདི་ནི་ཤི་ལོག་སྒྲོལ་མ་དང་ལས་གྲོགས་ཚོའི་དཀའ་སྤྱད་འབད་བརྩོན་དང་ཁ་བྲལ་ཐབས་མེད། 
    ཤི་ལོག་སྒྲོལ་མ་ལ་སྔ་རྗེས་སུ་འཛམ་གླིང་སྦེ་ག་གཟེངས་རྟགས་འགྲན་བསྡུར་ཁྲོད་སྐྱེས་མའི་རང་མོས་རྣམ་པའི་སྦེ་ག་སྤྱི་རྒྱ་67རིམ་པའི་བྱ་དགའ་ཨང་དང་པོ་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་སྐྱེས་མའི་རང་མོས་རྣམ་པའི་སྦེ་ག་སྤྱི་རྒྱ་63རིམ་པའི་བྱ་དགའ་ཨང་དང་པོ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཕུལ་བྱུང་ལུས་རྩལ་པ། རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད། 
   ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཡིན་པའི་ཆ་ནས། ཤི་ལོག་སྒྲོལ་མ་ལ་བོད་རང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་བྱ་གཞག་ལ་མུ་མཐུད་དུ་སྟོབས་ཤུགས་འབུལ་བར་ཡིད་ཆེས་ཁེངས་འདུག