འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།ཨང་ཧྲན་སུའུ་ཅིའི་ཁྲིམས་འཁུར་ཡུན་ཚད་སླར་ཡང་ལོ་3བསྣན། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 17:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་29ཉིན། འབར་མའི་ནེ་པེ་ཏུའུ་བཙོན་ཁང་དུ་བཙུགས་པའི་དམིགས་བསལ་ཁྲིམས་ར་ཞིག་གིས་ཚེས་29ཉིན། དེ་སྔའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅིས་རྒྱལ་ཁབ་ཀྱི་གསང་བའི་བཅའ་ཁྲིམས་དང་འགལ་བར་བཙོན་འཇུག་ལོ་གསུམ་བྱ་རྒྱུའི་ཁྲིམས་ཐག་བཅད། ཨང་ཧྲན་སུའུ་ཅིར་མིག་སྔར་སྡོམ་རྩིས་བྱས་པའི་ཁྲིམས་ཆད་འཁུར་བའི་ཡུན་ཚད་ལོ་23བར་རིང་དུ་ཕྱིན་ཡོད།
   ཁྲིམས་ཁང་གི་འབྲེལ་ཡོད་མི་སྣས་གནས་ཚུལ་དེ་ར་སྤྲོད་བྱས་པ་མ་ཟད། ཨང་ཧྲན་སུའུ་ཅིའི་རྒྱལ་ཁོངས་ཨོ་སི་ཁྲུ་ལི་ཡ་ཡིན་པའི་དཔལ་འབྱོར་བློ་འདྲི་བ་ཞའོ་ཨེན་ཐེ་ཉི་དང་། འབར་མའི་དེ་སྔའི་འཆར་གཞི་དང་ནོར་སྲིད་པུའི་པུའུ་ཀྲང་སུའུ་ཝུན་དང་ཅུའེ་ཝུན་དང་། དེ་སྔའི་འཆར་གཞི་དང་ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་སའེ་ཨང་བཅས་མི་4ཡང་ཉིན་དེར་རྒྱལ་ཁབ་ཀྱི་གསང་བའི་བཅའ་ཁྲིམས་ལས་འགལ་བའི་རྐྱེན་གྱིས་ཚང་མ་ལོ་3ལ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།
   ཨང་ཧྲན་སུའུ་ཅི་ཡི་ཁྲིམས་རྩོད་པས་ཨང་ཧྲན་སུའུ་ཅི་དང་། སུའོ་ཝུན། ཅུའེ་ཝུན། སའེ་ཨང་བཅས་མི་4ཡིས་གོང་གཏུག་ཞུ་རྒྱུ་ཡིན་ཞིང་། ཐེ་ཉིའར་ཡིས་གནས་སྐབས་གོང་གཏུག་བྱེད་མིན་ཤེས་ཀྱི་མེད། 
དེ་གོང་འབར་མའི་འབྲེལ་ཡོད་ཁྲིམས་ཁང་གིས་ལྐོག་ཟ་དང་། རུལ་སུངས། མི་གཞན་ལ་ངན་སྐུལ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་འདེམས་བསྐོ་ལ་གཡོ་ཟོལ་བྱས་པ་སོགས་ཀྱི་ཉེས་མིང་བཏགས་ནས། ཨང་ཧྲན་སུའུ་ཅི་རིམ་རྩིས་བྱས་ན་ལོ་20བཙོན་འཇུག་བྱ་རྒྱུ་ཁྲིམས་ཐག་བཅད་པ་རེད། 
   2021ལོའི་ཟླ་2ཚེས་1ཉིན། འབར་མའི་དམག་ཕྱོགས་ཀྱིས་ཙུང་ཐུང་ཝུན་མིན་དང་། རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅི། དེ་བཞིན་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་བཅས་ཀྱི་མཐོ་རིམ་དཔོན་རིགས་ཁག་གཅིག་བཙན་ཉར་བྱས་པ་རེད། ཨང་ཧྲན་སུའུ་ཅི་ལ་དེ་རྗེས་ཉེས་མིང་མང་པོ་ཞིག་གིས་སྐྱོན་འདོན་ཞུ་གཏུག་བྱས་པ་དང་། མིག་སྔར་གྱོད་གཞི་ཁག་གཅིག་སྔར་བཞིན་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།