འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་30ཉིན།

༄༅།།ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་བཞི་པའི་ལས་གྲྭ་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་30ཉིན། 17:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཝུའུ་ལུའུ་མུའུ་ཆི་ནས་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་བཞི་པའི་སོལ་རླངས་མདོང་ལམ་ལས་གྲྭ་དངོས་སུ་ལས་འགོ་ཚུགས་ཤིང་། བསྐྲུན་ཟིན་རྗེས་ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་གཉིས་པ་གསུམ་པ་དང་མཉམ་འབྲེལ་ཐོག་འཁོར་རྒྱུག་ཐུབ་སྟེ། རང་རྒྱལ་གྱི་ནུབ་བྱང་ནུས་རྒྱུའི་འཐབ་ཇུས་བགྲོད་ལམ་སྔར་བས་འཐུས་སྒོ་ཚང་དུ་དང་རང་རྒྱལ་གྱི་རང་བྱུང་སོལ་རླངས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་ཕྱིན་ནས། རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་དང་དཔལ་འབྱོར་གྱི་བདེ་འཇགས་འགན་ལེན་དེ་བས་ཡག་པོ་ཐུབ་རྒྱུ་རེད།
   ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་བཞི་པའི་ལས་གྲྭ་དེ་ཀྲུང་ཁེར་མཐའ་མཚམས་ཀྱི་ཤིན་ཅང་ཝུའུ་ཆ་རྫོང་དབྱིར་ཁེ་ཧྲི་ཐན་ནས་འགོ་ཚུགས་པ་དང་། ལམ་བར་དུ་ལུན་ནན་དང་། ཐུའུ་ལུའུ་ཕན། ཉིང་ཞའི་ཀྲུང་ཝུའེ་བཅས་བརྒྱུད་པ། མདོང་ལམ་དེར་སྤྱིའི་རིང་ཚད་ཧ་ལམ་སྤྱི་ལེ་3340ཡོད་པ། མདོང་ལམ་གྱི་ཞེང་ཚད་ཧའོ་སྨི་1219ཡོད་པ། འཆར་འགོད་གནོན་ཤུགས་ཀྲའོ་ཕ་12ཡིན་པ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་གཉིས་པ་གསུམ་པ་དང་མཉམ་འབྲེལ་ཐོག་འཁོར་རྒྱུག་ཐུབ་རྒྱུ་ཡིན་ཞིང་། སྐབས་དེར་ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་མ་ལག་གི་ལོའི་འདྲེན་ནུས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་སྟོང་ཟིན་ཏེ། མདོང་ལམ་མ་ལག་གི་སོལ་རླངས་མཁོ་འདོན་གྱི་བློས་འགེལ་ཆོག་པའི་རང་བཞིན་དང་སྟབས་བསྟུན་རང་བཞིན་ཆེ་རུ་ནུས་ལྡན་འགྲོ་རྒྱུ་དང་། ཤར་ནུབ་རྒྱུད་ཀྱི་ས་ཁུལ་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུ། མདོང་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་རམ་འདེགས་ཐུབ་རྒྱུ་བཅས་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་བཞི་པ་ནི་ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་དང་པོ་དང་། གཉིས་པ། གསུམ་པ་བཅས་བསྐྲུན་པའི་རྗེས་ཀྱི་ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོ་སྦྲེལ་མཐུད་བྱེད་པའི་ནུས་རྒྱུའི་འཐབ་ཇུས་བགྲོད་ལམ་ཆེན་པོ་གཞན་ཞིག་དང་། དུས་རབས་གསར་པའི་ལྗང་མདོག་ནུས་རྒྱུའི་དར་གོས་ལམ་བུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། རང་རྒྱལ་གྱིས་རྒྱལ་སྤྱིའི་སྣུམ་རླངས་ཐོན་ཁུངས་གང་ལེགས་སྤྱོད་རྒྱུ་དང་སྒོ་དབྱེའི་ཆ་རྐྱེན་འོག་ནུས་རྒྱུ་བདེ་འཇགས་ཡོང་བ་བྱ་རྒྱུའི་ངོས་ནས་བརྗོད་ན་དེར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
   རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རྡོ་སྣུམ་དང་རང་བྱུང་སོལ་རླངས་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་བཞི་པའི་ལས་གྲྭ་དེ། གཅིག་གྱུར་འཆར་འགོད་དང་རིམ་དབྱེ་ལག་བསྟར་གྱི་རྩ་དོན་ལྟར་དུམ་བུར་བགོས་ནས་འཛུགས་སྐྲུན་བྱ་རྒྱུ་རེད། ད་རེས་ལས་འགོ་ཚུགས་པའི་ཐུའུ་ལུའུ་ཕན་ནས་ཀྲུང་ཝུའེ་བར་གྱི་དུམ་བུ་ནི་ལས་གྲྭ་དེའི་ལྟེ་བའི་གྲུབ་ཆ་ཞིག་ཡིན་པ་དང་། ཁྱོན་རིང་ཚད་སྤྱི་ལེ་1745ཡོད་པ། ལམ་བར་དུ་ཤིན་ཅང་དང་། ཀན་སུའུ། ཉིང་ཞ་བཅས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་3གྱི་རྫོང་དང་གྲོང་ཁྱེར་17བརྒྱུད་པ། མདོང་ལམ་གྱི་ལོའི་འཆར་འགོད་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་150ཡིན་པ་དང་འདྲེན་ཤུགས་ཆེ་རུ་བཏང་རྗེས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་300ཟིན་རྒྱུ་ཡིན་པ་རེད། སྔོན་དཔག་བྱས་ན་2024ལོར་བསྐྲུན་ཟིན་ནས་འདྲེན་འགོ་ཚུགས་རྒྱུ་ཡིན་པ་དེ་ལས་ཐ་ལི་མུའི་རང་རྒྱལ་གྱིས་འདོན་པའི་སོལ་རླངས་ཐོན་ཁུངས་ཀྱི་བཤོལ་ལམ་ཤར་གཏོང་ཐུབ་སྟེ། ནུབ་རླངས་ཤར་འདྲེན་མ་ལག་གི་དགུན་དུས་བེད་སྤྱོད་ཆེ་བའི་ཟླ་བར་ཐེག་ཚད་ཁ་ཐང་བའི་རྣམ་པ་ཞི་ལྷོད་དུ་སོང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ནུས་རྒྱུའི་དགོས་མཁོ་འགན་ལེན་དང་མི་དམངས་མང་ཚོགས་དགུན་ཁ་དྲོ་སོབ་སོབ་ཅིག་སྐྱེལ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།