འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་27ཉིན།

༄༅།།ཀུ་ཤུ་ཚང་གིས་རིན་གོང་སྤར་རྒྱུ་ཁྱབ་བསྒྲགས་བྱེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་27ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཨ་རིའི་ཀུ་ཤུ་རྟགས་ཅན་ཀུང་སིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་། ཟླ་10ཚེས་5ཉིན་ནས་བཟུང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་མང་པོའི་ཀུ་ཤུ་བཀོལ་སྤྱོད་ཚོང་ཁང་ནང་གི་མཉེན་ཆས་དང་དེ་བཞིན་མཉེན་ཆས་ནང་གི་ཉོ་སྒྲུབ་རྣམ་གྲངས་ཀྱི་རིན་གོང་སྤར་རྒྱུ་ཡིན་པ་མངོན་ཡོད། ད་ཐེངས་རིན་གོང་སྤར་བའི་རྒྱུ་རྐྱེན་གང་ཡིན་ནམ།
   ད་ཐེངས་ཀུ་ཤུས་རིན་གོང་སྤར་བ་དེ་ཡོ་རོབ་ནས་ཨེ་ཤེ་ཡ་བར་གྱི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་28དང་འབྲེལ་བ་ཡོད་པ་དང་། དེའི་ནང་ཡོ་རོབ་ཀྱི་སྒོར་མོ་སྤྱོད་མཁན་རྒྱལ་ཁབ་དང་དེ་བཞིན་སུའེ་ཏེན་དང་། ལྗར་པན། ཧན་གོ  ཆི་ལི། ཨེ་ཅིབ། མ་ལེ་ཞི་ཡ་སོགས་ཚུད་ཡོད་པ་རེད། གོ་བདེར་བཤད་ན། ས་ཁུལ་འདི་དག་གི་འཛད་སྤྱོད་པས། ཀུ་ཤུ་རྟགས་ཅན་གྱི་ཁ་པར་བཀོལ་སྤྱོད་བྱེད་པའི་ཚོང་ཁང་ནས་རིན་པ་སྤྲོད་པའི་མཉེན་ཆས་ཉོས་པའི་རིན་གོང་དང་ཡང་ན་མཉེན་ཆས་སྔོན་མངག་བྱས་པའི་རིན་གོང་དེ་སྔོན་མ་ལས་མཐོ་ཡོད།
   སྒུལ་བདེའི་ཉེར་སྤྱོད་གཞི་གྲངས་མཁོ་འདོན་བྱེད་མཁན་ཚོང་པའིApptopiaཡིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལྟར་ན། ན་ནིང་གི་ཟླ་7པ་ནས་བཟུང་། ཀུ་ཤུའི་བཀོལ་སྤྱོད་ཚོང་ཁང་གི་རིན་གོང་འཕར་ཡོད། 2022ལོའི་ཟླ་7པའི་བར། ཀུ་ཤུ་རྟགས་ཅན་གྱི་བཀོལ་སྤྱོད་ནང་ནས་ཉོས་པའི་ཆ་སྙོམས་རིན་གོང་དེ་ན་ནིང་གི་དུས་མཚུངས་ལས་40%ཙམ་འཕར་ཡོད། སྐབས་དེ་དང་དུས་གཅིག་ཏུ། ཀུའུ་ཀོ་ཚོང་ཁང་གི་བཀོལ་སྤྱོད་ནང་ནས་ཉོ་སྒྲུབ་རིན་གོང་9%ལས་འཕར་མེད་པ་རེད།
   ཐེངས་འདིའི་རིན་གོང་འཕར་བའི་རྒྱུ་རྐྱེན་གཙོ་བོ་ལ་ཀུ་ཤུ་གཞུང་ཕྱོགས་ཀྱིས་འགྲེལ་བཤད་གསལ་བོ་བྱས་མེད་མོད། འོན་ཀྱང་། དབྱེ་ཞིབ་པ་མི་ཉུང་བ་ཞིག་གིས་གཙོ་བོ་རྒྱུ་རྐྱེན་གཉིས་ཡོད་དེ། གཅིག་ནི་ཨ་སྒོར་གྱི་རིན་གོང་ཇེ་མཐོར་སོང་བ་དང་། ཀུ་ཤུས་རིན་གོང་སྤར་ཐབས་སྤྱད་དེ་ས་གནས་དེ་གའི་དངུལ་ལོར་གྱིས་ཨ་སྒོར་བརྗེ་བའི་རིན་ཐང་ཇེ་ཆུང་དུ་འགྲོ་བ་དེ་མེད་པར་བཟོ་འདོད་པ་དང་། གཉིས་ནི་ཀུ་ཤུའི་ཚོང་གཉེར་གྲུབ་ཆ་དེ་སྲ་ཆས་ནས་མཉེན་ཆས་སུ་འགྱུར་བ་དེ་རེད། 
    དངུལ་བརྗེས་འཛའ་ཐང་ཐད། ད་ལོ་ནས་བཟུང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་རྒྱུན་ཆད་མེད་པར་སྐྱེད་ཀ་སྣོན་པ་དང་ཆབས་ཅིག ཨ་སྒོར་སྟོན་གྲངས་དེ་ལོ་སྟོད་དང་བསྡུར་ན་18%འཕར་ནས། ལོ་20ལྷག་ཙམ་རིང་གི་མཐོ་ཚད་དུ་སླེབས་ཡོད་པ་རེད།
    དེ་དང་ཆབས་ཅིག་ཀུ་ཤུ་ཀུང་སིའི་ཡོང་འབབ་ཕྱེད་ཀ་ལས་བརྒལ་བ་ནི་མེ་གླིང་ཕུད་པའི་ཁྲོམ་ར་གཞན་ནས་བྱུང་བ་ཞིག་ཡིན་པ་དེའི་ཐོག་ནས། ཨ་སྒོར་རིན་ཐང་ཇེ་ཆེར་འགྲོ་བ་དེ་ཀུ་ཤུ་ལ་མཚོན་ན་ཕན་པ་ལས་གྱོང་ཆེ་བ་མཚོན། ད་ཐེངས་ཀྱི་རིན་གོང་འཕར་བའི་རྒྱལ་ཁབ་དང་ས་ཁུལ་ནི་ཕལ་ཆེར་ས་གནས་དེ་གའི་དངུལ་ལོར་གྱི་འཛའ་ཐང་ཆེས་ཆེར་ཆག་པའི་ས་ཁུལ་ཡིན་པ་དཔེར་ན། ཡོ་སྒོར་དང་ལྗར་པན་གྱི་སྒོར་མོ་ལྟ་བུ་རེད།