འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་26ཉིན།

༄༅།།བ་གླང་ལ་པགས་ནད་འགོས་པས་སྐྱེལ་འདྲེན་དང་ཉོ་ཚོང་བཀག་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་26ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་6པ་ནས་བཟུང་། བ་གླང་གི་ལུས་སྟེང་དུ་ཐོན་པའི“བ་གླང་གི་པགས་ནད”དེ་རྒྱ་གར་ས་གནས་ཁག་ཏུ་ཁྱབ་འགོ་ཚུགས་ཡོད། རྒྱ་གར་ཕྱུགས་ལས་སྡེ་ཁག་གི་བསྡོམས་རྩིས་གསར་ཤོས་ལས་མངོན་པར་གཞིགས་ན། རྒྱལ་ས་རྡི་ལི་གསར་པ་ཚུད་པའི་རྒྱ་གར་གྱི་རྒྱལ་ཡོངས་སུ་བ་གླང་ཁྲི་185ལ་ནད་དེའི་རིགས་འགོས་ཡོད་པ་དང་། མིག་སྔར། ས་ཆ་མང་ཆེ་བར་ནོར་གྱི་སྐྱེལ་འདྲེན་དང་ཉོ་ཚོང་གཏན་འགོག་བྱས་ཡོད་པ་རེད།       
   འདི་ནི་རྒྱ་གར་རྒྱལ་ས་རྡི་ལི་གསར་པའི་པགས་ནད་འགོས་པའི་བ་གླང་ལོགས་བཀར་བྱེད་སའི་ལྟེ་གནས་རེད། ནད་ཕོག་པའི་བ་གླང་གི་ལུས་སྟེང་དུ་ཁྲ་ཐིག་ཆུང་ཆུང་མང་པོ་ཡོད་ཅིང་། དེ་ནི་བ་གླང་པགས་ནད་ཀྱི་ནད་རྟགས་གཙོ་བོ་རེད། མིག་སྔར་རྡི་ལི་གསར་པར་བ་གླང་500ལྷག་ཙམ་ལ་ནད་འགོས་པ་ཤེས་རྟོགས་བྱུང་ཡོད། སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། ནོར་གནག་གི་པགས་ནད་ཀྱི་འགོ་ཤུགས་ཧ་ཅང་ཆེ་ཞིང་། ནད་འགོས་པའི་སྲོག་ཆགས་ཀྱིས་ཁ་ཆུ་དང་སྣ་ཆུ་བརྒྱུད་ནས་ནད་དུག་ཕྱིར་གཏོང་བ་དང་། དེ་ནས་དུག་སྦྲང་གིས་སོ་བརྒྱབ་ནས་ཕྱོགས་སོ་སོར་ཁྱབ་འཇུག་གི་ཡོད།
   རྒྱ་གར་གཞུང་ཕྱོགས་ཀྱི་གཞི་གྲངས་ལས་མངོན་པར་གཞིགས་ན། ཟླ་འདིའི་ཟླ་དཀྱིལ་བར། རྒྱ་གར་རྒྱལ་ཡོངས་སུ་པགས་ནད་འགོས་པའི་བ་གླང་ཁྲི་185ཟིན་པའི་ནང་། བ་གླང་ཁྲི་7.5ཤི་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རྒྱ་གར་གྱི་ནད་དཔེ་སྔ་ཤོས་དེ་ཟླ་6པར་ཐོན་པ་དང་། ལཱ་ཅ་སི་ཐན་མངའ་སྡེ་ནས་ས་གནས་ཁག་ཏུ་ཁྱབ་འགོ་ཚུགས་ཡོད།