འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་25ཉིན།

༄༅།།ཉེས་ཅན་གཏེ་པོ་ཁྲེན་ཅི་ཀྲི་དུས་བཀག་བཙོན་བཅུག་ལོ་24བྱས་པ།

—— “ཐང་ཧྲན་བསྲེགས་ཟས་ཁང་དུ་མི་ལ་ཉེས་རྡུང་གཏོང་བའི་གྱོད་གཞིའི”འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་25ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྲི་ཅ་ཀྲོང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། “ཐང་ཧྲན་བསྲེགས་ཟས་ཁང་དུ་མི་ལ་ཉེས་རྡུང་གཏོང་བའི་གྱོད་གཞིའི”ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་ཀོང་དབྱང་ཆུས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཉེས་ཅན་གཏེ་པོ་ཁྲེན་ཅི་ཀྲི་དུས་བཀག་བཙོན་བཅུག་ལོ་24བྱས་པ་རེད།
     འདི་ལོའི་ཟླ་6ཚེས་10ཉིན་གྱི་ཐོ་རེངས་སུ་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ལུའུ་པེ་ཆུས་བསྲེགས་ཟས་ཁང་ཞིག་ཏུ་བསྙད་རྐོ་ཟིང་སློང་དང་དྲག་ཤུགས་སྤྱད་དེ་མི་གཞན་ལ་ཉེས་རྡུང་གཏོང་བའི་གྱོད་གཞི་ཞིག་ཐོན་ནས་ཤུགས་རྐྱེན་ངན་པ་བཟོས་པར་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།
     ཟླ་9ཚེས་13ནས་ཚེས་15ཉིན་བར་ལང་ཧྥང་གྲོང་ཁྱེར་ཀོང་དབྱང་ཆུས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཀོང་དབྱང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བྱས་པའི་ཞུ་སྦྱོར་ཕྱི་མ་ཁྲེན་ཅི་ཀྲེ་སོགས་ཕྱོགས་གཏོགས་ངན་པས་སྒྲིག་འཛུགས་བྱས་པའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་དེར་འདྲི་ཞིབ་བྱས་པ་རེད།
     ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་རྗེས། 2022ལོའི་ཟླ་6ཚེས་10ཉིན་གྱི་ཆུ་ཚོད་2དང་སྐར་མ་40ཙམ་ལ། ཞུ་སྦྱོར་ཕྱི་མ་ཁྲེན་ཅི་ཀྲི་དང་། མ་ཡུན་ཆི། ལིའུ་པིན། ཁྲེན་ཞའོ་ལེའང་། ལི་ཤིན། ཧྲེན་ཞའོ་ཅུན། ལི་ཧུང་རུའེ། ལིའུ་ཆེ་གེ་མོ། ཅང་ཆེ་གེ་མོ་སོགས་ཀྱིས་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ལུའུ་པེ་ཆུས་གནམ་ཐང་ལམ་གྱི་བསྲེགས་ཟས་ཁང་ཞིག་ཏུ་ཟ་མ་ཟ་སྐབས། ཁྲེན་ཅི་ཀྲི་ཡིས་ཟ་ཁང་དུ་ཁ་ལག་ཟ་བཞིན་པའི་གནོད་འཚེ་ཕོག་མཁན་ཝང་ཆེ་གེ་མོ་དང་། ལི་ཆེ་གེ་མོ། ཡོན་ཆེ་གེ་མོ། ལིའུ་ཆེ་གེ་མོ་བཅས་ཀྱི་སྒྲོག་ཙེའི་ཟུར་དུ་བསྡད་ནས་ཝང་ཆེ་གེ་མོར་བསྙད་བརྐོས་རྗེས་ཁོ་མོས་ཁ་ཡ་མ་བྱས་པས་ཁྲེན་ཅི་ཀྲི་ཡིས་ཁོ་མོར་ཉེས་རྡུང་བཏང་། དེ་རྗེས་ཝང་ཆེ་གེ་མོ་དང་ལི་ཆེ་གེ་མོས་ཁོང་ཚོ་དང་ཁ་རྩོད་བརྒྱབ། ཁྲེན་ཅི་ཀྲི་དང་། མ་ཡུན་ཆི། ལིའུ་པིན། ཁྲེན་ཞའོ་ལེའང་། ལི་ཤིན་བཅས་ཀྱིས་བསྲེགས་ཟས་ཁང་དང་། ཚོང་ཁང་ཕྱིའི་ཤར་བགྲོད་ལམ། ཚོང་ཁང་འགྲམ་གྱི་སྲང་ལམ་ཆུང་ཆུང་བཅས་སུ་ཝང་ཆེ་གེ་མོ་དང་། ལི་ཆེ་གེ་མོ། ཡོན་ཆེ་གེ་མོ། ལིའུ་ཆེ་གེ་མོ་བཅས་ལ་རྐུབ་སྟེགས་དང་ཨ་རག་ཤེལ་དམ་གཞུས་པ་མ་ཟད། ད་དུང་ཁུ་ཚུར་དང་རྡོག་པ་གཞུས་པ་དང་། ཧྲེན་ཞའོ་ཅུན་གྱིས་བསྲེགས་ཟས་ཁང་དང་འགྲམ་གྱི་སྲང་ལམ་ཆུང་ངུར་ཡོན་ཆེ་གེ་མོར་གྱོད་དོན་སྙན་སེང་ཞུ་མི་ཆོག་པའི་ཞེད་སྣང་སྐུལ། གསལ་འབྱེད་བྱས་པ་བརྒྱུད། ཝང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་གཉིས་ཀྱི་རྨས་སྐྱོན་གྱི་ཚད་ནི་རྨས་སྐྱོན་ཅུང་ཆུང་བའི་རིམ་པ་གཉིས་པ་ཡིན་པ་དང་། ལི་ཆེ་གེ་མོ་དང་ཡོན་ཆེ་གེ་མོ་གཉིས་ཀྱི་རྨས་སྐྱོན་གྱི་ཚད་ནི་རྨས་སྐྱོན་ཅུང་ཆུང་བ་ཡིན་པ་རེད།
     གཞན་ཡང་རྩད་ཆོད་མཐའ་གསལ་བྱུང་བར། 2012ལོ་ནས་བཟུང་། ཞུ་སྦྱོར་ཕྱི་མ་ཁྲེན་ཅི་ཀྲི་སོགས་ཀྱིས་མཉམ་དུ་ད་དུང་དུས་ཡུན་རིང་པོར་ཐང་ཧྲན་གྲོང་ཁྱེར་སོགས་སུ་གཏུམ་སྤྱོད་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁྲིམས་འགལ་ངང་བཀག་སྐྱིལ་དང་། དཔུང་སྡེབ་རྩོད་འཛིང་། རྐང་བཙུགས་ནས་གནོད་འཚེ་བཏང་བ། སྦག་ཁང་བཙུགས་པ། འཕྲོག་བཅོམ་བྱས་པ། གཡོ་འགེབས་བྱས་པ། ནག་ཉེས་ཀྱི་ཐོབ་ཆ་སྦ་གསང་བྱས་པ། ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་ལ་རོགས་རམ་བྱས་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་བས། ཁྲེན་ཅི་ཀྲེས་གཏེ་པོར་བྱེད་པ་དང་། ཝང་ཞའོ་ལེ་སོགས་ཞུ་སྦྱོར་ཕྱི་མ་བདུན་ཁོངས་མི་ཡིན་པའི་ཕྱོགས་གཏོགས་ངན་པའི་རྩ་འཛུགས་རིམ་གྱིས་ཆགས་ཡོད། ཕྱོགས་གཏོགས་ངན་པའི་རྩ་འཛུགས་ཀྱིས་བྱ་ངན་སྤྱོད་ངན་བརྩམས་པ་དང་། མི་སེར་ལ་གཉའ་གནོན་བྱས་པ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བས། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་རེད།
     ལང་ཧྥང་གྲོང་ཁྱེར་ཀོང་དབྱང་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཁྲེན་ཅི་ཀྲིས་བསྙད་རྐོ་ཟིང་སློང་གི་ནག་ཉེས་དང་། འཕྲོག་བཅོམ་གྱི་ནག་ཉེས། དཔུང་སྡེབ་རྩོད་འཛིང་གི་ནག་ཉེས། སྦག་ཁང་བཙུགས་པའི་ནག་ཉེས། ཁྲིམས་འགལ་བཀག་ཉར་བྱས་པའི་ནག་ཉེས། རྐང་བཙུགས་ནས་གནོད་འཚེ་བཏང་བའི་ནག་ཉེས། གཡོ་འགེབས་བྱས་པའི་ནག་ཉེས། ནག་ཉེས་ཀྱི་ཐོབ་ཆ་སྦ་གསང་བྱས་པ། ཆ་འཕྲིན་དྲ་རྒྱའི་ཉེས་གསོག་ལ་རོགས་རམ་བྱས་པའི་ནག་ཉེས་བཅས་ལ་ཉེས་མང་སྡེབ་གཅོད་བྱས་ནས་དུས་བཀག་བཙོན་འཇུག་ལོ་24བྱ་རྒྱུ་དང་འབྲེལ། དངུལ་ཆད་མི་དམངས་ཤོག་སྒོར་སྒོར་ཁྲི་32གཅོད་རྒྱུ་མ་ཟད། དེ་མིན་གྱི་ཞུ་སྦྱོར་ཕྱི་མ་27ལ་ཁྲིམས་ལྟར་ལོ་11ནས་ཟླ་6བར་གྱི་དུས་བཀག་བཙོན་འཇུག་དང་གཞན་ཡང་ཞུ་སྦྱོར་ཕྱི་མ་19ལ་མི་དམངས་ཤོག་སྒོར་སྒོར་ཁྲི་བཅུ་གསུམ་དང་ལྔ་སྟོང་ནས་སྒོར་སུམ་སྟོང་བར་གྱི་དངུལ་ཆད་གཅོད་རྒྱུ་རེད། ཁྲེན་ཅི་ཀྲི་སོགས་ཞུ་སྦྱོར་ཕྱི་མ་དྲུག་པོས་བསྙད་རྐོ་ཟིང་སློང་བྱས་པའི་གནོད་འཚེ་ཕོག་མཁན་བཞིའི་སྨན་རིན་དང་། ནད་གཡོག་འགྲོ་གྲོན། ལས་ཐེབས་ཆག་པའི་གྲོན་དངུལ། འཚོ་བའི་ཁ་གསབ་དངུལ། འཚོ་བཅུད་གྲོན་དངུལ། འགྲིམ་འགྲུལ་གྲོན་དངུལ་སོགས་གྱོང་གུན་ཁག་ལ་དེ་མཚུངས་ཀྱི་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པ་རེད།