འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་23ཉིན།

༄༅།།བོད་ལྗོངས་ཀྱིས་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་བརྒྱབ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། རིམས་ནད་བྱུང་བ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ནད་ཡམས་སྔོན་འགོག་ཚོད་འཛིན་དང་ཁྲོམ་ར་སྐུལ་དོ་དམ་ལས་དོན་ལ་སྤྱི་འདོམས་བྱས་ཏེ་རིན་གོང་ལྟ་སྐུལ་དོ་དམ་ལ་དམིགས་ནས། བཀའ་རྒྱའི་ནང་དོན་ལྟར་་བྱ་སྤྱོད་སྤེལ་བ་དང་། འགན་འཁྲི་ལག་བསྟར་བྱས་ཏེ་ནད་ཡམས་སྔོན་འགོག་ཚོད་འཛིན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་ངང་བསྒྲུབས་པར་བརྟེན་རང་ལྗོངས་ཀྱི་དམངས་འཚོའི་ཚོང་ཟོག་གལ་ཆེན་དང་རིམས་འགོག་དངོས་ཟོག་གི་རིན་གོང་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་རིན་གོང་ལྟ་སྐུལ་དོ་དམ་ཚོ་ཆུང་དུས་ཐོག་ཏུ་བཙུགས་ནས། གཙོ་གནད་ས་ཁོངས་དང་གཙོ་གནད་ཚོང་ཟོག་ལ་དམིགས་ནས་ཁྲོམ་རའི་མདུན་ཕྱོགས་དང་པོར་བསྐྱོད་དེ་རིན་གོང་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། སྔོན་ཚུད་ནས་ཉེན་ཟོན་དང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དཀོན་ཟོག་སྡེབ་གསོག་དང་། རིན་གོང་ཧམ་སྤོར་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུ་ཁྱབ་སྤེལ་གཏོང་བ། ཆུ་ཚོད་24རིང“12315”ཡི་ཐེར་འདོན་གོང་ཞུའི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་ནས“དྲ་ཐོག་ནས་བདག་སྤྲོད་དང་དྲ་ཐོག་ནས་ཞིབ་གཅོད”བྱ་རྒྱུ་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ། མང་ཚོགས་ཀྱི་རིན་གོང་ཞུ་གཏུག་ཐེར་འདོན་དང་དྲ་རྒྱའི་གླེང་ཕྱོགས་ཁྲིམས་ལྟར་ཐག་གཅོད་བྱས་ནས་འཛད་སྤྱོད་པའི་རེ་འདུན་ནང་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བ་ཚང་མར་ལན་ཡོད་པ་བྱས་པ་རེད། སྔོ་ཚལ་གྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོ་ཚལ་གཉེར་སྐྱོང་དང་ཕྱིར་ཚོང་ཁེ་ལས་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། དམིགས་བསལ་དུས་སྐབས་ཀྱི་སྔོ་ཚལ་རིགས་གཙོ་བོའི་ཕྱིར་ཚོང་མཛུབ་ཁྲིད་རིན་གོང་དཀར་ཆག་གསལ་ཐོ་བཟོ་བ་དང་ཡོངས་བསྒྲགས་བྱས་ནས། “སྲིད་གཞུང་གིས་གཙོ་ཁྲིད་དང་། ལས་རིགས་ཀྱིས་མཛུབ་ཁྲིད། ཁེ་ལས་ཀྱིས་རང་གཅུན། སྤྱི་ཚོགས་ཀྱིས་ལྟ་སྐུལ”བཅས་ཀྱི་སྔོ་ཚལ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་མཉམ་བཅོས་ཀྱི་སྣོད་བཅུད་ནུས་ཤུགས་ཡོད་རྒུས་གཏོད་དགོས། བོད་ལྗོངས་བརྙན་འཕྲིན་ཁང་དང་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་སྨྱན་སྦྱོར་ལས་སྟེགས་བརྒྱུད་དེ། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། དཔེ་མཚོན་གྱོད་དཔེ་དམར་རྗེན་དུ་བཏོན་པ་དང་། རིན་གོང་ལྟ་སྐུལ་དོ་དམ་གྱི་འགུལ་རྣམ་ཡོངས་བསྒྲགས་བྱས་པ། ཁྲོམ་རའི་བྱེད་པོས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་རྒྱུར་སྐུལ་འདེད་བཏང་བ། སྒོ་རྩིས་ཚོང་ཁང་དང་། ཞིང་ཞོར་ཐོན་རྫས་ཁྲོམ་ར། མཁོ་སྤྲོད་འགན་ལེན་ཚན་པ་སོགས་ཁེ་ལས་ཀྱིས་རང་འགུལ་ངང་སྤྱི་ཚོགས་ལ་ཁས་ལེན་བྱ་རྒྱུར་སྐུལ་འདེད་བཏང་བ། ཁྲོམ་རའི་རིན་གོང་དྲན་སྐུལ་གྱི་བསླབ་བྱ་ཡི་གེ་1300ལྷག་ཙམ་སྤྲད་པ། རིན་གོང་གི་ཁ་ཆད་གྲོས་མོལ་གྱི་དྲན་སྐུལ་ཐེངས་7བྱས་པ། གཉེར་སྐྱོང་དུད་ཚང་855དང་ཁ་ཆད་གྲོས་མོལ་བྱས་པ་བཅས་རེད།