འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་23ཉིན།

༄༅།།ཨ་རི་དང་ཨོ་སི་ཁྲུ་ལི་ཡས་ས་ཁུལ་འདིར་བག་ཆགས་འཇོག་ནུས་ཆེར་གཏོང་རྩིས་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     གསར་འགོད་པས་དྲིས་དོན། ཨ་རིས་ཞི་བདེ་རྒྱ་མཚོའི་ལྷོ་རྒྱུད་ས་ཁུལ་དུ་འབྲེལ་གཏུག་གི་བྱེད་སྒོ་དང་དེའི་ནང་ཞུགས་ཤུགས་ཆེ་རུ་གཏོང་གི་འདུག ད་ལོ་ཀྲུང་གོ་དང་སུའོ་ལུའོ་མོན་གླིང་ཚོམ་ཕྱོགས་གཉིས་པོས་བདེ་འཇགས་གྲོས་ཆོད་ལ་མིང་རྟགས་བཀོད་པ་ནས་བཟུང་། ཨ་རིའི་ཙུང་ཐུང་གཞོན་པ་དང་འགོ་ཁྲིད་གཞན་དག་གིས་ཀྱང་ས་ཁུལ་དེའི་གླིང་ཕྲན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་དང་། ཨོ་སི་ཁྲུ་ལི་ཡས་ཀྱང་དེ་དང་འདྲ་བའི་བྱ་སྤྱོད་སྤེལ་བཞིན་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ།
     ཝང་ཝུན་པིན་གྱིས་བཤད་དོན། ཐོག་མར་ངས་ཤོད་དགོས་པ་ཞིག་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ནི་རང་ཚུགས་ཀྱི་བདག་དབང་རྒྱལ་ཁབ་ཅིག་ཡིན་པས། ཕྱི་ཕྱོགས་སུ་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་བའི་དབང་ཆ་དང་རང་དབང་ཡོད། དབང་ཆ་དེ་རིགས་ལ་ཚོད་འཛིན་དང་བཙན་འཕྲོག་གང་ཡང་ཐེབས་མི་རུང་། གཉིས་པ་ནི་ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་སྐབས། ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་མི་བྱེད་པ་དང་། ཕྱོགས་གཏོགས་ཀྱི་ཁྱབ་ཁོངས་ཟེར་བ་དོན་གཉེར་མི་བྱེད་ལ་ཕྱོགས་གསུམ་པར་ཁ་གཏད་ཀྱང་བྱེད་ཀྱི་མེད།
     ཝང་ཝུན་པིན་གྱིས། ཁ་སང་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས་ཉིའུ་གཡོད་དུ་སུའོ་ལུའོ་མོན་གླིང་ཚོམ་གྱི་ཕྱི་འབྲེལ་པུའུ་ཀྲང་མ་ནེ་ལའེ་དང་མཇལ་འཕྲད་གནང་ཡོད། རྒྱལ་དོན་ཨུ་ཡོན་ཝང་དབྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལའང་འཕེལ་རྒྱས་ཀྱི་དབང་ཆ་ཡོད་པ་དང་། མི་དམངས་ཀྱིས་ཀྱང་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་དགོས་ཞེས་བཤད་པ་རེད། ཀྲུང་གོས་གླིང་ཕྲན་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་དམིགས་ཡུལ་ནི་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་ཆེད་ཡིན་པས་གླིང་ཕྲན་རྒྱལ་ཁབ་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཐོབ་ཡོད་ཅེས་བཤད་པ་རེད།