འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་23ཉིན།

༄༅།།ཨ་རིས་ཀྲུང་གོའི་གློག་འཕྲིན་ཁེ་ལས་མིང་ཐོ་འདིའི་ནང་བཅུག་པའི་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་23ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     གསར་འགོད་པ་ཞིག་གིས་དྲིས་དོན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་འཕྲིན་གཏོང་ཨུ་ཡོན་ལྷན་ཁང(FCC)གིས་ས་གནས་དེ་གའི་དུས་ཚོད་གཟའ་མིག་དམར་ཉིན“རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ལྡན་པར”ཁ་གཡར་ནས། ཀྲུང་གོའི་མ་འཇོག་གློག་འཕྲིན་ཁེ་ལས་ཞི་བདེ་རྒྱ་མཚོ་ཆེན་མོའི་དྲ་རྒྱ་ཚད་ཡོད་ཀུང་སི་དང་དེའི་མ་དངུལ་ཡོངས་འཇོག་ཡན་ལག་འཕྲིན་གཏོང་ཀུང་སི་དང་། དེ་བཞིན་ཀྲུང་གོའི་འཕྲིན་འབྲེལ་ཁོངས་ཀྱི་མེ་གླིང་ཀུང་སི་དག“རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་སློང་བའི་མིང་ཐོའི”ནང་བཅུག་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད།
     ཝང་ཝུན་པིན་གྱིས། དེ་ནི་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཟེར་བར་ཁ་གཡར་བ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱོད་པ། ཀྲུང་གོའི་ཁེ་ལས་ལ་གནས་ལུགས་མེད་པར་བཀག་གནོན་གཏོང་བའི་དཔེ་མཚོན་ཡང་ཞིག་རེད། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་ལས་འགལ་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ། ཀྲུང་གོའི་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་གཏོང་བ་བཅས་ཡིན་པས་ང་ཚོས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འཕྲལ་དུ་ནོར་འཁྲུལ་ཡོ་བསྲང་བྱས་ནས། ཀྲུང་གོའི་ཁེ་ལས་ལ་ཁུངས་ལུང་མེད་པར་བཀག་གནོན་བྱེད་མཚམས་འཇོག་དགོས་པའི་སྐུལ་ལྕག་བྱ་རྒྱུ་དང་། ང་ཚོས་མུ་མཐུད་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།