འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་22ཉིན།

༄༅།།འགོ་ཁྲིད་འདི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་22ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འགོ་ཁྲིད་འདི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།
   མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་9ཚེས་21ཉིན། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་ཧྲི་ཀྲང་གཞོན་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཀུང་ཏའོ་ཨན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་སུ་ཁྱབ་བསྒྲགས་བྱས་ནས། ཞུ་སྦྱོར་ཕྱི་མ་ཀུང་ཏའོ་ཨན་གྱིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པས། ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། དེའི་ཆབ་སྲིད་ཀྱི་ཁེ་དབང་ཚེ་གང་བཙན་འཕྲོག་བྱས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་བ་དང་། ཀུང་ཏའོ་ཨན་གྱིས་རྒྱུ་རྔན་ཟ་ལེན་བྱས་པའི་ཉེས་བསགས་ཀྱི་ཐོབ་ཆ་དང་སྐྱེད་འཕེལ་ཁྲིམས་ལྟར་བདའ་འདེད་བྱས་ནས་རྒྱལ་མཛོད་ལ་འབུལ་དགོས།   
   ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་བར། 1999ལོའི་ལོ་སྨད་ནས་2020ལོའི་ཟླ་7པའི་བར། ཞུ་སྦྱོར་ཕྱི་མ་ཀུང་ཏའོ་ཨན་གྱིས་ཧུའུ་པེ་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཧུའུ་པེ་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་ཁོངས་གྱོད་དོན་ལྗིད་གྲས་མྱུལ་ཞིབ་ཁྲུའི་ཁྲུའུ་ཀྲང་། དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན། ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་། སྤྱི་བདེ་པུའུ་ཡི་ལག་རྩལ་མྱུལ་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་། ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་། གྲོང་ཁྱེར་འགོ་འཛིན་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་སོགས་གོ་གནས་ཐད་ཀྱི་སྟབས་བདེ་དང་། དེ་བཞིན་རང་ཉིད་ཀྱི་འགན་དབང་དང་གོ་གནས་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་བེད་སྤྱད་ནས། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ཁེ་ལས་གཉེར་སྐྱོང་དང་། ལས་གྲྭ་འགན་ལེན། གྱོད་གཞི་སྒྲུབ་གཉེར། གོ་གནས་སྤར་བ་སོགས་ཀྱི་ཐད་རོགས་རམ་བྱས་པ་དང་། ཁྲིམས་འགལ་ངང་འབྲེལ་ཡོད་མི་སྣའི་རྒྱུ་ནོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་7343ལྷག་ཙམ་ཟིན་ཡོད་པ་རེད།
   ཐང་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀུང་ཏའོ་ཨན་གྱི་བྱ་སྤྱོད་ཀྱིས་ལྐོག་རྔན་ལེན་པའི་ཉེས་པ་བསགས་པའི་ངོས་འཛིན་བྱས་པ་རེད། ཀུང་ཏའོ་ཨན་གྱིས་རྒྱུ་རྔན་ཟ་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེ་བ་དང་། མི་གཞན་ལ་གོ་གནས་སྤོར་རོགས་བྱས་པ་དང་འགན་དབང་སྤྱད་དེ་གྱོད་གཞི་སྒྲུབ་གཉེར་བྱས་པས། ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། ཀུང་ཏའོ་ཨན་གྱོད་ཐོག་ཏུ་སླེབས་རྗེས་རང་གི་ནག་ཉེས་ཇི་བཞིན་ངོས་ལེན་བྱས་ཏེ། རང་འགུལ་གྱིས་གྱོད་སྒྲུབ་ལས་ཁུངས་ཀྱིས་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་ནག་ཉེས་སྐོར་གྱི་དོན་དངོས་འགའ་གསལ་བཤད་བྱས་ཤིང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་དང་། བཙོག་དངུལ་དང་རྒྱུ་ནོར་ཚང་མ་ཕྱིར་བསྡུས་ཡོད་པས། ཁྲིམས་ལྟར་ཆད་པ་ཡང་མོ་བཅད་ཆོག  ཁྲིམས་ཁང་གིས་གོང་གི་དཔྱད་མཚམས་བཏང་།