འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་22ཉིན།

༄༅།།ཨ་རི་དམག་འཁྲུག་བཟོ་མཁན་ཆེ་ཤོས་སུ་བསྐྱར་དུ་འགྱུར་མི་རུང་ཟེར།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་22ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     གསར་འགོད་པ་ཞིག་གིས། ཉིན་ཤས་གོང་། ཨ་རིའི་རང་ཚུགས་བརྟག་དཔྱད་གསར་འགོད་པ་ནུའོ་ཏུན་གྱིས་ཨ་རིའི་རྒྱལ་ཚོགས་ཞིབ་འཇུག་ཞབས་ཞུ་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་དྲངས་ནས་བསྟན་དོན། 1798ལོ་ནས་2022ལོའི་བར། ཨ་རིས་ཕྱི་རྒྱལ་དུ་དམག་དོན་ཐེ་ཇུས་ཀྱི་བྱ་སྤྱོད་ཐེངས་469སྤེལ་བ་དང་། འཇམ་འཐབ་མཇུག་བསྒྲིལ་ནས་ད་བར་གྱི་དུས་ཐུང་ལོ་30ལྷག་ཙམ་ནང་ཐེངས་252སྤེལ་བ་དང་། གྲངས་འབོར་འཇམ་འཐབ་མཇུག་བསྒྲིལ་ནས་ལོ་190ལྷག་ཙམ་གོང་གི་བསྡོམས་འབོར་ལས་ཆེས་ཆེར་བརྒལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད། 
     ཝང་ཝུན་པུན་གྱིས་བསྟན་དོན། ངས་འབྲེལ་ཡོད་ཀྱི་གནས་འཕྲིན་སྤེལ་བར་དོ་སྣང་བྱུང་། ཨ་རི་ཕྱོགས་ཀྱིས“སྒྲིག་སྲོལ་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ”ལ་བརྩི་འཇོག་དང་སྲུང་སྐྱོང་བྱ་རྒྱུ་ཡང་ཡང་བསྐྱར་བསྒྲགས་བྱས་མོད། འོན་ཀྱང་ཨ་རིའི་རྒྱལ་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་དེ་དག་ལས“ཨ་རིའི་སྒྲིག་སྲོལ”གྱི་དམག་འཁྲུག་ལ་དགའ་བའི་རང་གཤིས་དང་བཙན་དབང་བྱེད་པ་གང་ལེགས་མངོན་ཡོད། 
     ཨ་རིའི་ལོ་ངོ་240ལྷག་གི་ལོ་རྒྱུས་ཐོག་ལོ་16ལ་དམག་འཁྲུག་མ་བརྒྱབ་པ་རེད། འཇམ་འཐབ་མཇུག་བསྒྲིལ་བ་དང་ཆབས་ཅིག་ཕྱི་ཕྱོགས་ཀྱིས་ཨ་རིས་ཕྱི་རྒྱལ་གྱི་དམག་དོན་བྱ་སྤྱོད་ཉུང་དུ་འགྲོ་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་ནི་ཏག་ཏག་ཕྱིན་ཅི་ལོག་པ་ཞིག་རེད། ཨ་རིས་འཇམ་འཐབ་ཀྱི་རྗེས་སུ་བསླངས་པའི་དམག་དོན་ཐེ་གཏོགས་བྱ་སྤྱོད་སྤེལ་ཚད་ནི་དེ་གོང་གི་ལྡབ་7ལྷག་ཙམ་རེད། གྲངས་ཀ་འདི་དག་ཚང་མ་ནི་བག་འཁུམ་གྱི་ཚོད་དཔག་ཡིན་ཞིང་། ཨ་རིའི་དམིགས་བསལ་གྱི་བྱ་སྤྱོད་དང་གསང་བའི་བྱ་སྤྱོད་སོགས་ཚུད་མེད། ནུའོ་ཏུན་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་དམག་དོན་ཐེ་ཇུས་བྱ་སྤྱོད་ཀྱི་དམིགས་ཚད་དེ་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་ཆེ་བར་ཁྱབ་ཡོད་པ་དང་། དེའི་ནང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཚང་མ་དང་དེ་བཞིན་ཧྥེ་གླིང་སྐམ་ས་ཆེན་མོའི་རྒྱལ་ཁབ་མང་ཆེ་བ་ཚུད་ཡོད་པ་རེད། 
     ཝང་ཝུན་པུན་གྱིས་བསྟན་དོན། ཨ་རི་ཕྱོགས་ཀྱིས་བྱེད་དགོས་པ་ཞིག་ནི་སྒྲིག་སྲོལ་དང་སྒྲིག་ལམ་ཟེར་བ་སྟོང་བཤད་བྱེད་པ་ཞིག་མིན་ལ། རྒྱལ་ཁབ་གཞན་ལ་སྐྱོན་འཛུགས་བྱས་ནས་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་ཞིག་དེ་བས་ཀྱང་མིན་པར། རང་ཉིད་ཀྱིས་ཕྱོགས་གང་ས་ནས་དམག་འཁྲུག་བསླངས་པ་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་རང་སྣང་གང་ཤར་གྱིས་ཐེ་ཇུས་བྱེད་པའི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་རང་སྐྱོན་རང་བརྟག་དང་ཡོ་བསྲང་ཏན་ཏིག་བྱེད་པ་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་དམག་འཁྲུག་བཟོ་མཁན་ཆེ་ཤོས་སུ་བསྐྱར་དུ་འགྱུར་མི་རུང་།