འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་22ཉིན།

༄༅།།མི་300རྐྱེན་ལམ་དུ་ཤོར་བས་རྒྱལ་ཁབ་འདིས་ཉེན་བརྡ་བསྒྲགས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་22ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཚེས་20ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ནི་ཀྲེ་རི་ཡའི་རྒྱལ་ཁབ་འཕྲལ་བསྟུན་དོ་དམ་ཅུས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་བཤད་དོན། ནི་ཀྲེ་རི་ཡར་མིག་སྔར་ལོ་བཅུའི་ནང་གི་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡོད། ད་ལོར། ཆུ་ལོག་བྱུང་ནས་རྒྱལ་ཁབ་དེའི་མི་300ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མང་ཚོགས་ཁྲི་བཅུ་གྲངས་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ཡོད་ཅེས་བཤད་པ་རེད།
     ཚེས་20ཉིན་པར་བླངས་པའི་གནས་ཚུལ་ལས་མངོན་པར། གནོད་འཚེ་ཚབས་ཆེ་ཙམ་ཕོག་པའི་ཅི་ཅ་ཝ་ཀྲོའུ་རུ་ཆུ་ལོག་གིས་འགྲོ་ལམ་བསྣུབས་ནས་ཁང་པ་མང་པོ་ཞིག་ལ་གཏོར་སྐྱོན་ཐེབས་ཡོད།
     ཚེས་19ཉིན་ནི་ཀྲེ་རི་ཡའི་རྒྱལ་ཁབ་འཕྲལ་བསྟུན་དོ་དམ་ཅུས་ཀྱིས། མིག་སྔར་ནི་ཀྲེ་རི་ཡའི་རྒྱལ་ཡོངས་ཀྱི་མི་ཁྲི་50ལྷག་ཙམ་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ཡོད་ཅིང་། དེའི་ནང་མི་ཁྲི་10ཡུལ་གྱར་དུ་སོང་ཡོད་ཅེས་བཤད་པ་རེད། ད་ལོ་ནས་བཟུང་རྒྱལ་ཁབ་དེ་ཡི་ཆུ་ལོག་དང་འབྲེལ་བ་ཡོད་པའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་300ལས་བརྒལ་ནས་2012ལོ་ཚུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། གཞན་ཡང་ཆུ་ལོག་གིས་ད་དུང་ས་ཞིང་སྤྱི་ཆིང་སྟོང་ཕྲག་ཁ་ཤས་གཏོར་སྐྱོན་བཏང་བས། མི་རྣམས་ཀྱིས་ཨ་ཧྥེ་རི་ཁའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེའི་འབྲུ་རིགས་མཁོ་སྤྲོད་ནུས་པར་སེམས་ཁྲལ་བྱེད་ཀྱི་ཡོད། ས་གནས་དེ་གའི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱིས་སྲིད་གཞུང་གིས་ཁོང་ཚོར་རོགས་སྐྱོར་དེ་བས་མང་བ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
     ཉེ་ཆར། ནི་ཀྲེ་རི་ཡའི་ཆུ་རགས་ཆེན་པོ་གཉིས་སུ་ཆུ་མེར་བཞིན་ཡོད་པ་དང་། རྒྱལ་ཁབ་འཕྲལ་བསྟུན་སྡེ་ཁག་གིས་ད་ལྟ་མངའ་སྡེ་མང་པོར་ཉེན་བརྡ་བསྒྲགས་ནས། སླད་ཕྱིན་གྱི་གཟའ་འཁོར་ཁ་ཤས་ནང“མཇུག་འབྲས་ཚབས་ཆེན”འཕྲད་སྲིད་པའི་དྲན་སྐུལ་བྱས་པ་དང་ཆབས་ཅིག  སྲིད་གཞུང་སྡེ་ཁག་ལ་ཆུ་ལོག་གི་ཉེན་ཁ་འཕྲད་པའི་གཞིས་ཁུལ་གྱི་གྲོང་མི་ཁ་འགྲེམ་བྱས་ནས་བཟའ་བཅའ་འདང་ངེས་དང་དེ་བཞིན་དངོས་ཟོག་གཞན་དག་གསོག་འཇོག་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། ནི་ཀྲེ་རི་ཡའི་ཆུ་དཔྱད་ཅུས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོ་ཆར་པ་མང་པོ་བབས་པ་དང་ས་ཁོངས་ཕྱི་རོལ་གྱི་ཆུ་མང་དུ་སོང་བ་སོགས་རྐྱེན་གྱིས་ད་ལོའི་ཆུ་ལོག་ན་ནིང་ལས་མང་དུ་བྱུང་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ནི་ཀྲེ་རི་ཡའི་ས་གནས་ཁག་ཏུ་ལོ་རེའི་ཟླ་4པ་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་ཆར་དུས་སུ་སླེབས་པ་དང་། ཟླ་10པར་རིམ་བཞིན་མཇུག་བསྒྲིལ་གྱི་ཡོད། ཆར་དུས་སུ་ཆར་པ་བསྟུད་མར་བབས་ཚེ་ཆུ་ལོག་གི་གནོད་འཚེ་ཐོན་སླ་པོ་ཡོད། རྒྱལ་ཁབ་དེར་2012ལོར་ལོ་བཅུ་ཕྲག་རིང་བྱུང་མ་མྱོ་བའི་་ཆུ་ལོག་ཚབས་ཆེན་བྱུང་ནས་མི་363རྐྱེན་ལམ་དུ་ཤོར་བ་རེད། ཁང་པ་ཁྲི་61གཏོར་བརླག་ཐེབས་པ་དང་མི་ཁྲི་770ལ་ཆུ་ལོག་གི་ཤུགས་རྐྱེན་ཐེབས་ཡོད།