འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་21ཉིན།

༄༅།།རྒྱལ་ཁབ་འདིས་རྡོ་སྣུམ་རྐུན་མར་ཆད་པ་ནན་མོ་གཅོད་དགོས་པའི་འབོད་སྐུལ་བཏང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་21ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་20ཉིན། ནི་ཀྲེ་རི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་པྰ་ཅ་པི་ཡ་་སྨི་ལ་ཡིས་ཉིན་དེའི་ཁྲིམས་འཛུགས་ཚོགས་འདུའི་ཐོག རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་རྡོ་སྣུམ་རྐུན་མ་དག་ངོ་ལོག་ཟིང་འཁྲུག་པར་བརྩིས་ནས་ཆད་པ་ནན་པོ་གཅོད་དགོས་པའི་བླང་བྱ་བཏོན་པ་རེད། 
     གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་བརྒྱད་པར་ནི་ཀྲེ་རི་ཡའི་རྡོ་སྣུམ་གྱི་ཐོན་ཚད་ཉིན་རེར་སྣུམ་ཟོམ་ཁྲི་100མན་དུ་ཆག་པ་རེད། པྰ་ཅ་པི་ཡ་སྨི་ལ་ཡིས་འདི་ནི་ནི་ཀྲེ་རི་ཡའི་མ་བཅོས་རྡོ་སྣུམ་ཕྱིར་གཏོང་ལོ་ཉི་ཤུའི་རིང་གི་ཆེས་དམའ་བའི་ཆུ་ཚད་ཡིན་པ་མ་ཟད། དེ་ནི་མ་བཅོས་རྡོ་སྣུམ་རྐུ་འཕྲོག་བྱེད་མཁན་གྱི་རྐྱེན་གྱིས་རེད་ཟེར།
     ནི་ཀྲེ་རི་ཡའི་རྒྱལ་ཁབ་རྡོ་སྣུམ་ཀུང་སིས་དེ་གོང་ཟླ་རེར་རྐུ་འཕྲོག་ཐེབས་པ་ལས་ཀུང་སི་དེར་བྱུང་བའི་གྱོང་གུན་ཨ་སྒོར་དུང་ཕྱུར་7ཙམ་ཟིན་པ་དང་། ས་གནས་དེ་གའི་བདེ་འཇགས་སྒྲིག་གཞི་དང་ཆོས་ཁང་། དབྱི་སི་ལན་ཆོས་ཁང་དང་མདོང་ལམ་བརྒྱུད་པའི་སྡེ་ཁུལ་ཚང་མ་མདོང་ལམ་ལ་གཏོར་སྐྱོན་གཏོང་བ་དང་རྡོ་སྣུམ་ཐོན་རྫས་རྐུ་འཕྲོག་ནང་ཞུགས་ཡོད་ཅེས་བཤད་པ་རེད།
     ད་ལོའི་ཟླ་8པར་ནི་ཀྲེ་རི་ཡའི་རྒྱལ་ཁབ་རྡོ་སྣུམ་ཀུང་སིས་ཁ་ཐོར་ཟིན་པའི“ནི་ཀྲེར་ཨར་གཙང་པོའི་ཟུར་གསུམ་གླིང་གི་བཅིངས་འགྲོལ་ལས་འགུལ”གྱི་དེ་སྔའི་འགོ་ཁྲིད་དང་བཀོད་འདོམས་དཔོན་ལ་ལོ་རེར་ནེ་ལ་རིན་ཐང་དུང་ཕྱུར་480 (ཨ་སྒོར་དུང་ཕྱུར་1.12ཙམ)ཟིན་པའི་བདེ་སྲུང་གན་རྒྱ་ཞིག་སྤྲད་ནས། ཁོ་ཚོར་རྡོ་སྣུམ་མདོང་ལམ་ལ་ལྟ་སྐུལ་དོ་དམ་བྱེད་དུ་བཅུག་ནས་མདོང་ལམ་ལ་གཏོར་བཤིག་བྱེད་རིགས་དང་རྡོ་སྣུམ་རྐུ་རྒྱག་རིགས་སྔོན་འགོག་བྱེད་ཀྱི་ཡོད་པ་རེད།