འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་19ཉིན།

༄༅།།གློག་རྡུལ་ཐ་མག་འདི་རིགས་ཚང་མ་བཙོང་མི་ཆོག་པ་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་19ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། 《གློག་རྡུལ་ཐ་མག》རྒྱལ་ཁབ་ཀྱི་ཚད་གཞི་ད་ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།ཉེ་ཆར།རྒྱལ་ཁབ་ཀྱི་ཚད་གཞིའི་བླང་བྱ་དང་མཐུན་པའི་གློག་རྡུལ་ཐ་མག་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ས་གནས་ཁག་ཏུ་ཁྲོམ་རར་བྲིན་ཚོང་བྱེད་བཞིན་ཡོད་པ་རེད།འདིའི་ཐོག་ནས་གློག་རྡུལ་ཐ་མག་ཐོན་ལས་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པ་མཚོན།
   ཤིང་འབྲས་དང་།བཟའ་བཅའ།འཐུང་བྱ་སོགས་བྲོ་ལྡན་གློག་རྡུལ་ཐ་མག་དང་དུ་བ་མེད་པའི་བིལ་ཏོག་གློག་རྡུལ་ཐ་མག་གིས་ལོ་ན་མ་སོན་པའི་སྐྱེ་བོའི་བློ་ཁ་དྲངས་ཡོད་པ་དང་།ལོ་ན་མ་སོན་པའི་སྐྱེ་བོར་དུག་རྫས་འཐེན་དུ་འཇུག་སླ་བར་དམིགས་ནས།ཚད་གཞི་ནང་ཐོན་རྫས་ཀྱི་ཁྱད་ཆོས་དང་བྲོ་བ་ཕུད་པའི་བྲོ་བ་གཞན་དག་མངོན་དུ་འཇུག་མི་རུང་བ་དང་།“སྨུག་སྒྱུར་རྫས་ནང་དུ་ཐ་མག་བུལ་འདུས་དགོས་”པ་སྟེ།ཐ་མག་གི་བུལ་འདུས་མེད་པའི་གློག་རྡུལ་ཐ་མག་ཐོན་རྫས་རྣམས་ཚོང་རར་བཙོངས་མི་ཆོག་ཅེས་གསལ་པོར་བསྟན་ཡོད།
   《ཚད་ལྡན་དུ་སྒྱུར་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་ཉེར་ལྔ་པའི་འབྲེལ་ཡོད་གཏན་འབེབས་ལྟར་ན།བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས་དང་ཞབས་ཞུ་ཐོན་སྐྱེད་དང་།བྲིན་ཚོང་།ནང་འདྲེན་ནམ་ཡང་ན་མཁོ་འདོན་བཅས་བྱས་མི་ཆོགཚད་གཞི་དངོས་སུ་ལག་བསྟར་བྱས་རྗེས།ཚོང་རའི་ནང་ཕྱིར་འཚོང་བའི་གློག་རྡུལ་ཐ་མག་ཐོན་རྫས་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས།《གློག་རྡུལ་ཐ་མག》རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་རྗེས།གློག་རྡུལ་ཐ་མག་ཐོན་སྐྱེད་ཁེ་ལས་ཀྱིས་ཚད་གཞིའི་བླང་བྱ་ལྟར་ཐོན་རྫས་ལ་མཉམ་དུ་ཇུས་འགོད་བྱས་ནས་ཐོན་རྫས་སྒྱུར་བཀོད་ལེགས་སྒྲུབ་བྱེད་དགོས་པ་མ་ཟད།འབྲེལ་ཡོད་སྡེ་ཁག་ལ་ཐོན་རྫས་ཞིབ་བཤེར་ཚད་ལེན་དང་ལག་རྩལ་ཞིབ་དཔྱད་སོགས་ཀྱི་ལས་དོན་རེ་ཞུ་བྱེད་དགོས།དེ་དག་ཚང་མར་དུས་ཚོད་ངེས་ཅན་ཞིག་དགོས་ཀྱི་ཡོད་པས་ཟླ་5ཡི་ལག་བསྟར་བར་བརྒལ་དུས་ཚོད་གཏན་འཁེལ་བྱས་པ་རེད།བར་བརྒལ་དུས་སྐབས་ལག་བསྟར་བྱེད་རིང་།གློག་རྡུལ་ཐ་མག་ཐོན་སྐྱེད་ཁེ་ལས་ཀྱིས་ཚད་གཞི་དྲིལ་བསྒྲགས་དང་གསོ་སྦྱོང་བྱས་ནས་ཚད་གཞིའི་ལག་རྩལ་གྱི་ནང་དོན་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཐོན་རྫས་ཀྱི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཐུབ་པ་བྱེད་དགོས།
   ལས་རིགས་ནང་ཁུལ་གྱི་མི་སྣས་གློག་རྡུལ་ཐ་མག་གི་རྒྱལ་ཁབ་ཚད་གཞིའི་ལྟ་སྐུལ་དོ་དམ་གྱི་དམིགས་ཡུལ་གཙོ་བོ་ནི་ཐོན་རྫས་ཀྱི“འཇམ་ཁྲིད་རང་བཞིན”དམའ་རུ་བཏང་ནས།ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད།དེ་ནི་གློག་རྡུལ་ཐ་མག་ཐོན་ལས་ཚད་ལྡན་ངང་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་གསར་པ་ཞིག་རེད་བཤད།མིག་སྔར།རྒྱལ་ཡོངས་སུ་གློག་རྡུལ་ཐ་མག་སྤུས་རྟགས་37ཡོད་པ་དང་ཉུང་མཐར་ཡང་ཐོན་རྫས་80ལ་ཞིབ་མཆན་ཐོབ་ནས་ཁྲོམ་རར་འདོན་རྒྱུའི་ཆོག་མཆན་ཐོབ་ཡོད་པ་རེད།