འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་19ཉིན།

༄༅།།མཚོ་སྔོན་གྱིས་སྲིད་དོན་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་19ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “ཨ་ཤོམ་རྐང་2700ལྷག་ཙམ་ཉིན་གཅིག་ལ་བཙོངས་རྗེས་ཡོང་འབབ་སྒོར་2100ལྷག་ཙམ་བྱུང་། ཏང་ཡོན་ལས་བྱེད་པས་འབྲེལ་བ་བྱས་ནས་ང་ཚོར་ཚོང་ལམ་གྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་བྱུང”ཞེས་ཀྲང་ཤིང་ཕུའུ་ཡིས་དགའ་སྤྲོའི་ངང་བརྗོད།
     ཀྲང་ཤིང་ཕུའུ་ནི་མཚོ་སྔོན་ཞིང་ཆེན་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ལུང་ཀྲི་ཤང་ཆིན་ཅ་ལིང་གྲོང་ཚོའི་གྲོང་མི་ཡིན་ཞིང་། འདི་ལོར་ཤིང་འབྲས་དང་ཨ་ཤོམ་མུའུ་10བཏབ་པ་རེད། ལོ་ལེགས་བྱུང་བའི་དུས་འདིར། ཀྲང་ཤིང་ཕུའུ་ལ་ཚོང་ལམ་མེད་པའི་དཀའ་ངལ་འཕྲད། མིན་ཧོ་རྫོང་གི་འདེབས་འཛུགས་དུད་ཚང་མི་ཉུང་བ་ཞིག་ལ་ཡང་ཞིང་ལས་ཐོན་རྫས་མ་བྲིན་པའི་དཀའ་གནད་འཕྲད་ཡོད། གནས་ཚུལ་དེ་ཤེས་རྗེས་མིན་ཧོ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པས་དུས་ཐོག་ཏུ་རྫོང་དུ་བཅའ་སྡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་པ་དང་འབྲེལ་ཡོད་ཁེ་ལས་ལ་འབྲེལ་བ་བྱས་ནས་ཉོ་སྒྲུབ་མངགས་ཐོ་བཞག་པ་རེད། ཟླ་9ཚེས་8ཉིན་བར། ལུང་ཀྲི་ཤང་གི་ཤིང་འབྲས་དང་ཙུང་པའོ་ཤང་གི་རྒྱ་ཙོང་སོགས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་མངགས་ཐོ་རིམ་རྩིས་བྱས་ན་ཏུན་69.44ཟིན་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཟིན་ཡོད་པ་རེད།
     འདི་ལོའི་ཟླ་5པར། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་རྗེས་ཞིང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ནས་འགོ་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པར“སྤྱོད་ཚུལ་ལེགས་གཏོང་དང་སྲོལ་གསར་བཏོད་དེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་དགོས་པའི”འབོད་སྐུལ་བྱས་ནས་མིག་སྔའི་ལས་དོན་ཁྲོད་ལྷག་པའི་སྤྱོད་ཚུལ་གྱི་གནད་དོན་དམིགས་སའི་རང་བཞིན་་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་པ་རེད།
     ཞིང་འབྲོག་ཁུལ་གྱི་གད་སྙིགས་དང་། ཆུ་སྙིགས། གསང་སྤྱོད་བཅས་ཀྱི་གནད་དོན་ཐག་གཅོད་གཏིང་ཟབ་བྱེད་པ་ནས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ”འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་གློག་དྲ་སྲ་བརྟན་དང་ལེགས་གཏོང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་བར་དང་། ཐོན་ལས་ཀྱིས་སྐུལ་ཁྲིད་དང་། ཞིང་ཆེན་ཕྱིའི་མཉམ་རོགས། རོགས་སྐྱོར་འཁོར་ཁང་། རྒུད་གསབ་ལས་སྤྲོད། སྤྱི་ཕན་རང་བཞིན་གྱི་ལས་གནས་སོགས་ཀྱི་རྣམ་པ་བརྒྱུད་དེ་དབུལ་སྒྲོལ་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་ལ་སྐུལ་འདེད་གཏོང་བ་ནས་ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་རྣམ་གྲངས་དྲ་ཐོག་ཏུ་གཉེར་ཆོག་ཚད་98%དང་། སྒྲུབ་ཐེངས་མང་བའི་དོན་དག་127ཞིང་ཆེན་སྒྲོལ་ནས་གཉེར་ཐུབ་པ། སྲིད་དོན་ཞབས་ཞུའི་རྣམ་གྲངས་149ཞིང་ཆེན་ནང་ཁུལ་དུ་གཉེར་ཐུབ་པ་སོགས་ཀྱི་བར། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད། མིག་སྔར་མཚོ་སྔོན་གྱིས་རིགས་10ཡི་དམངས་འཚོའི་བྱ་བ་དངོས་ཁག་47གྱི་འདུ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དམངས་འཚོའི་ཞབས་ཞུའི་མཁོ་སྤྲོད་མི་འདང་བ་དང་། ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། འགན་ལེན་ཡག་པོ་མེད་པ། སྤུས་ཚད་མཐོ་པོ་མེད་པ་བཅས་ཀྱི་ཞན་ཆ་དང་སྐྱོན་ཆ་ནུས་ཤུགས་ཡོད་རྒུས་སེལ་བཞིན་ཡོད་པ་རེད།
     སྲིད་དོན་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་དང་གོ་ཆོད་དུས་ཡུན་རིང་དུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་གྱིས“ཟི་ལིང་གི་དཔྱད་མོལ”ལས་དོན་གསར་གཏོད་བྱས་ནས་སྤེལ་ཞིང་། གྲོང་ཁྱེར་དེ་ཡོངས་ཀྱི་ལས་ཁུངས་ཀྱི་ཁོའོ་དང་ཁང་3000ཙམ་དང་། ཞབས་ཞུའི་སྐར་ཁུང་། གཞི་རིམ་གྱི་ས་ཚིགས་བཅས“ཟི་ལིང་གི་དཔྱད་མོལ”ལས་སྟེགས་ལྟ་འདོམས་ཁོངས་སུ་བཅུག་ནས“ལས་དོན་སྒྲུབ་རིང་ས་གནས་ས་ཐོག་གི་དཔྱད་མོལ་དང་ལས་དོན་བསྒྲུབས་རྗེས་རྗེས་སྙེག་དཔྱད་མོལ”བྱེད་སྟངས་སྤྱད་དེ་ཞབས་ཞུའི་དོན་ཚན་ལ་དཔྱད་མོལ་བྱས་པ་རེད།
     ཁེ་ལས་དང་མང་ཚོགས་ཀྱིས“མགུ་པོ་མ་བྱུང”ཞེས་དཔྱད་མོལ་བྱས་པའི་དོན་ཚན་ལ་ཆེད་མི་བཀོད་སྒྲིག་གིས་ཁ་པར་བརྒྱབ་ནས་བསྐྱར་འདྲི་བྱས་པ་དང་འབྲེལ་ཡོད་ས་ཁུལ་དང་ཚན་པར་བསྒྲུབ་རྒྱུར་རྩིས་སྤྲད་དེ་བརྟག་དཔྱད་དང་དག་ཐེར་ལས་དོན་སྤེལ་བར་ལྟ་སྐུལ་བྱས་ནས་དག་ཐེར་དང་། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ཡོད།
     “ཟི་ལིང་གྲོང་ཨུད་སྤྱོད་ཚུལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་གིས་བསྒྲུབས་པའི་དོན་ཚན་དཔེ་འཐེན་བསྐྱར་འདྲི་བྱས་ཤིང་། མགུ་པོ་མ་བྱུང་བའི་དཔྱད་མོལ་གྱི་དོན་ཚན་རེ་རེར་ཞིབ་བསྡུར་བྱས་ཏེ་སྤྱོད་ཚུལ་སྐོར་ཞིབ་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ། དོན་ཚན་ཚང་མ་དོན་འཁྱོལ་ལ་འདི་བྱས་འདི་མིན་གྱི་ལན་ཡོད་པ་བྱས་ཡོད”ཅེས་ཟི་ལིང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་གོ་ལི་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས“ཟི་ལིང་གི་དཔྱད་མོལ”ལས་སྟེགས་སྤྱོད་འགོ་ཚུགས་ཚུན་ཁ་པར་དང་འཕྲིན་ཐུང་སོགས་བརྒྱུད་མང་ཚོགས་ཁྲི་15.3ཙམ་ལ་བསྐྱར་འདྲི་བྱས་པ་དང་། མགུ་པོ་མ་བྱུང་བའི་གོ་ཆོད་དཔྱད་མོལ་348བསྒྲུབ་རྒྱུར་རྩིས་སྤྲད་པ། བསྡོམས་མི་ཐེངས་ཁྲི་39.3དཔྱད་མོལ་ནང་ཞུགས་པ་བཅས་ལས། མགུ་པོ་བྱུང་ཚད་99.8%ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     སྲིད་དོན་ཞབས་ཞུས་ཞབས་ཞུའི་ཕན་ནུས་ཆེ་རུ་འགྲོ་བར་ལྟ་སྐུལ་སྐུལ་འདེད་བྱས་ཤིང་། ཟླ་8ཚེས་25ཉིན་གྱི་ཆུ་ཚོད་10པར་ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ཀྲའོ་གོ་ལེང་གིས་འབྲེལ་ཡོད་ལག་ཁྱེར་དང་དཔྱད་ཡིག་ཁྱེར་ནས་གྲོང་མིའི་ལྟེ་གནས་སུ་དྲ་འབོད་བདལ་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་ལག་ཁྱེར་གཉེར་བར་ཡོང་། “དོན་དག་ཡོང་ཐེངས་གཅིག་ལ་སྒྲུབ་པའི”སྐར་ཁུང་དུ་ལས་དོན་མི་སྣས་ཀྲའོ་གོ་ལེང་ལ་རེ་ཞུའི་རེའུ་མིག་འབྲི་སྟངས་བསླབ་པ་དང་དེ་རྗེས་དཔྱད་ཡིག་གྲོང་ཁྱེར་བདལ་གཏོང་རླངས་འཁོར་གྱི་ལྟ་འདོམས་ཆ་འཕྲིན་ལས་སྟེགས་སུ་བསྐུར། ཡུད་ཙམ་སོང་རྗེས། ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལས་དོན་མི་སྣས་ཁོང་གི་རླངས་འཁོར་ལ་སྲུང་སྐར་གནས་འཁེལ་སྒྲིག་ཆས་དང་འཕྲལ་སྡོམ་ཉེན་བརྡའི་སྒྲིག་ཆས་བསྒར་བ་དང་གློག་རྡུལ་མཚོན་རྟགས་སྦྱར། ཆུ་ཚོད་12མ་ཟིན་གོང་ཀྲའོ་གོ་ལེང་ལ་སྐྱེལ་འདྲེན་ལག་ཁྱེར་རག་པ་རེད།
     “གོམ་སྟབས་རྗེས་མར་ང་ཚོས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན། བྱ་སྤྱོད་དོན་འཁྱོལ་ལ་དམ་འཛིན་བཅས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་གཟའ་འཁོར་རེར་བཀོད་གཏོང་དང་། ཟླ་རེར་དབྱེ་ཞིབ། དུས་བཀག་བཞིན་གསེད་བཀྲོལ་རྩིས་བཤེར། འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་འགན་འཁྲི་འཁུར་ཕོད་པ་དང་དམ་པ་དོན་གཉེར་གྱི་སྲོལ་གསར་སྲོལ་བཟང་ཆགས་པར་སྐུལ་འདེད་གཏོང་གི་ཡིན”ཞེས་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་བརྗོད་པ་རེད།