འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་9ཉིན།

༄༅།།ཡུལ་འདིར་ཉིན་གསུམ་རིང་ཆར་འབབ་པས་ས་གཤིས་གནོད་འཚེར་གཟབ་དགོས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་09ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གནམ་གཤིས་སྡེ་ཁག་གི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། སི་ཁྲོན་ཡོམ་ཁུལ་དུ་འབྱུང་འགྱུར་ཉིན་གསུམ་ལྷག་ཙམ་རིང་ཆར་པ་འབབ་པའི་གནམ་གཤིས་བསྟན་པ་དང་། ཡོམ་ཁུལ་དུ་ས་གཤིས་ཀྱི་གནོད་འཚེ་ཐོན་རྒྱུར་དམིགས་སུ་བཀར་ནས་དོ་སྣང་བྱེད་དགོས།
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཟླ་འདིའི་ཚེས་10ནས་ཚེས་12བར། སི་ཁྲོན་གྱི་ས་ཡོམ་ཁུལ་དུ་གནམ་འཐིབས་ནས་ཆར་ཆུང་འབབ་པ་དང་། ས་ཁུལ་ཁག་ཅིག་ཏུ་ཆར་འབྲིང་འབབ་ཀྱི་ཡོད། ཚེས་13ཉིན་ནས་ཚེས་17ཉིན་བར། ཆར་བ་འབབ་ཚད་དེ་ཚེས་10ནས་ཚེས་12ཉིན་དང་བསྡུར་ན་ཅུང་ཆེ་རུ་འགྲོ་རྒྱུ་རེད། 
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་གཏོང་མཁན་ཀྲང་ཧྥང་ཧྭ་ཡིས། ཚེས་13ནས་ཚེས་17ཉིན་བར་ཆར་ཆུང་ནས་ཆུང་འབྲིང་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་སྲིད་ཅེས་བཤད་པ་རེད། 
     གནམ་གཤིས་པུའུ་ཡིས་དྲན་སྐུལ་བྱས་དོན། འབྱུང་འགྱུར་ཉིན་གསུམ་ནང་། སི་ཁྲོན་དཀར་མཛེས་ཀྱི་ལྷོ་རྒྱུད་དང་། གཡག་རྔའི་ནུབ་རྒྱུད། ལེའང་ཧྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་གི་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁ་ཅུང་ཆེ་བ་དང་། རོགས་སྐྱོབ་མི་སྣ་དང་དེ་བཞིན་གེགས་ཁུལ་མང་ཚོགས་ཀྱིས་ཆར་པ་བབས་ནས་རི་ཉིལ་བ་དང་། གས་རྡིབ་ཤོར་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་ཞོར་ཐོན་གནོད་འཚེ་ཐོན་སྲིད་པར་དོགས་ཟོན་བྱེད་དགོས།
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་གཏོང་མཁན་ཀྲང་ཧྥང་ཧྭ་ཡིས། ལྷག་པར་དུ་དུས་འགོའི་ཆར་ཆུ་ཅུང་མང་བ་དང་། ཆར་པ་བསྟུད་མར་འབབ་པའི་རྐྱེན་གྱིས་ཞོར་ཐོན་གནོད་འཚེ་དེ་རིགས་ཀྱི་ཉེན་ཁ་ཡོད་པ་མ་ཟད། ཆར་པ་བབས་ཚེ་འཚོ་བ་དང་རོགས་སྐྱོབ་ལ་གནོད་པ་ཚབས་ཆེན་བཟོ་སྲིད། ད་དུང་ས་གནས་དེ་གའི་ས་བབ་མཐོ་དམན་གྱི་ཧེ་བག་ཆེ་ཙམ་ཡོད་པ་དང་། ས་བབ་ཅུང་མཐོ་བའི་ས་ཆར་དྲོད་ཚད་ཀྱང་ཅུང་དམའ་པོ་ཡོད་པས། ཚང་མས་གྲང་འགོག་དྲོད་སྲུང་དང་ཆར་པ་འགོག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།