འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་9ཉིན།

༄༅།།དབྱིན་ཇིའི་རྒྱལ་མོ་སྐུ་གཤེགས་པ་དང་ཁྲའར་སིས་རྒྱལ་རྒྱུད་བཟུང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་09ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དབྱིན་ཇིའི་རྒྱལ་མོ་སྐུ་གཤེགས་པ་དང་ཁྲའར་སིས་རྒྱལ་རྒྱུད་བཟུང་།
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན། དབྱིན་ཇིའི་རྒྱལ་མོ་དབྱི་ལི་ས་པེ་སྐུ་ཕྲེང་གཉིས་པ་སུའུ་ཀེ་ལན་གྱི་པའར་མོ་ལེར་པའོ་རུ་སྐུ་གཤེགས་པ་དང་། དགུང་ལོ་96རེད། ཁོང་མོའི་བུ་ཆེ་བ་རྒྱལ་སྲས་ཁྲའར་སི་ཡིས་རྒྱལ་རྒྱུད་བཟུང་།   
   པའེ་ཅིན་ཧན་ཕོ་བྲང་གིས་ཚེས་8ཉིན་དབྱི་ལི་ས་པེ་སྐུ་ཕྲེང་གཉིས་པ་ཉིན་དེའི་ཕྱི་དྲོ་པའར་མོ་ལེར་པའོ་རུ་སྐུ་གཤེགས་པ་དང་། རྒྱལ་པོ་དང་བཙུན་མོ་གཉིས་ཚེས་9ཉིན་རྒྱལ་ས་ལོན་ཏོན་དུ་ཕྱིར་ལོག་རྒྱུའི་གཏན་འཁེལ་བྱས་ཡོད། པའེ་ཅིན་ཧན་ཕོ་བྲང་གིས་ཉིན་དེར་རྒྱལ་པོ་གསར་པའི་གསལ་བསྒྲགས་ཤིག་ཁྱབ་བསྒྲགས་བྱས་ནས་བཤད་དོན། རྒྱལ་མོ་སྐུ་གཤེགས་པ་ནི“ང་དང་ངའི་ཁྱིམ་མི་ཡོངས་ལ་མཚོན་ན་ཧ་ཅང་ཡིད་སྐྱོ་བའི་དུས་སྐབས་ཤིག་ཡིན། ང་ཚོས་གུས་བཀུར་ཆེན་པོ་ཐོབ་པའི་རྒྱལ་པོ་དང་མ་ཡུམ་ལགས་ལ་གདུང་བ་ཟབ་མོའི་མྱ་ངན་ཞུ་རྒྱུ་ཡིན།”
    ཉིན་དེར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལ་སིས་ཐང་ཉིང་ཁྲོམ་གཞུང་ཨང་10པའི་དབུ་བཞུགས་བློན་ཆེན་ལས་ཤག་གི་སྒོ་འགྲམ་དུ་གསལ་བསྒྲགས་སྤེལ་དོན། རྒྱལ་མོ་སྐུ་གཤེགས་པའི་གནས་ཚུལ་གོ་དུས་ཧང་སངས་སོང་། ཁོང་མོ་ནི་“དེང་རབས་དབྱིན་ཇིའི་རྨང་རྡོ”ཞིག་རེད་ཅེས་བརྗོད།
པའེ་ཅིན་ཧན་ཕོ་བྲང་གིས་ཚེས་8ཉིན་གྱི་སྔ་དྲོར་རྒྱལ་མོའི་གཟུགས་གཞིའི་གནས་ཚུལ་བདེ་པོ་མེད་པ་དང་། སྨན་བཅོས་ཀྱི་ལྟ་སྐྱོང་དང་ལེན་བྱེད་དགོས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། ཁོང་མོའི་གཉེན་ཉེ་མང་པོ་ཞིག་འཕྲལ་མར་སུའུ་ཀེ་ལན་དུ་བསྐྱོད་པ་རེད། ཉིན་དེའི་ས་སྲོད་མཚམས་སུ། གོང་མ་ཚང་གི་ལས་དོན་མི་སྣས་པའེ་ཅིན་ཧན་ཕོ་བྲང་གི་སྒོ་འགྲམ་གྱི་ལྕགས་དྲའི་ཐོག་འདས་བརྡ་བཀལ་བ་དང་།  དམངས་ཚོགས་མང་པོ་ཆར་པར་མི་འཛེམ་པར་མྱ་ངན་ཞུ་རུ་ཡོང་ཡོད་ཅིང་། ད་དུང་མང་པོ་ཞིག་གིས་ཝུན་ཧྲ་མཁར་རྫོང་གི་ཕྱི་རོལ་དུ་མེ་ཏོག་ཕུལ་ཡོད། 
   དབྱི་ལི་ས་པེ་སྐུ་ཕྲེང་གཉིས་པ་ན་ནིང་ཟླ་4པར་ཁོང་གི་བཟའ་ཟླ་ཧྥེ་ལི་ཕུའུ་འདས་རྗེས་ཡོངས་བསྒྲགས་བྱེད་སྒོར་ཞུགས་རྒྱུ་ཉུང་དུ་ཕྱིན་ཡོད། ན་ནིང་ཟླ་10པར་སྨན་ཁང་དུ་བཞུགས་ཏེ་བརྟག་དཔྱད་བྱས་རྗེས་གཞུང་དོན་བྱེད་སྒོ་མང་པོ་མེད་པར་བཟོས་པའམ་ཡང་ན་ནར་འགྱངས་བཏང་བ་རེད། ད་ལོའི་ཟླ་2པར་ཁོང་མོ་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་གཏན་འཁེལ་བྱས། ཟླ་6པའི་ཟླ་འགོར། དབྱིན་ཇིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དབྱི་ལི་ས་པེ་སྐུ་ཕྲེང་གཉིས་པ་ཁྲི་ཐོག་ཏུ་བཀོད་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། གཟུགས་གཞི་མི་བདེ་བའི་རྐྱེན་གྱིས་གཞུང་ཕྱོགས་ཀྱི་བྱེད་སྒོ་ཐེངས་ཁ་ཤས་ལས་ཞུགས་ཐུབ་མེད། ཟླ་འདིའི་ཚེས་6ཉིན། དབྱི་ལི་ས་པེ་སྐུ་ཕྲེང་གཉིས་པས་པའར་མོ་ལེའར་པའོ་རུ་ཐེ་ལ་སི་དབུ་བཞུགས་བློན་ཆེན་གསར་པར་བསྐོ་གཞག་གནང་བ་རེད། དེའི་ཕྱི་ཉིན་གོང་མ་ཚང་གིས་རྒྱལ་མོ་ཡིས་གསང་གནས་ལས་ཁུངས་ཀྱི་དྲ་ཐོག་ཚོགས་འདུ་ཞིག་ནར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
   དབྱི་ལི་ས་པེ་སྐུ་ཕྲེང་གཉིས་པ་ནི་1926ལོའི་ཟླ་4པར་འཁྲུངས་ཤིང་། 1952ལོར་རྒྱལ་པོའི་གོ་གནས་རྒྱུན་འཛིན་བྱས་པ་དང་། དབྱིན་ཇིའི་ལོ་རྒྱུས་ཐོག་རྒྱལ་རྒྱུད་བཟུང་ཡུན་རིང་ཤོས་ཀྱི་རྒྱལ་མོ་ཡིན། དབྱིན་ཇིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིས་དུས་ཡུན་ཉིན་10རིང་ལ་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་ཞུ་རྒྱུ་རེད།