༄༅།།བར་སྟོང་རྒྱང་ཤེལ་འདིས་ཉི་མའི་ཁྱིམ་རྒྱུད་ཕྱིའི་རྒྱུ་སྐར་པར་བླངས།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 09ཚེས་06ཉིན། 14:53】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ཇེམ་སི •ཝེ་པའོ་བར་སྣང་རྒྱང་ཤེལ་གྱིས་ཉི་མའི་ཁྱིམ་རྒྱུད་ཕྱིའི་རྒྱུ་སྐར་གྱི་ཐད་ཀའི་པར་རིས་པར་བླངས་ཐུབ་པ་རེད། འདི་ནི་བར་སྣང་རྒྱང་ཤེལ་དེ་ཡིས་འབྲེལ་ཡོད་པར་རིས་ཐེངས་དང་པོར་བླངས་པ་རེད་ཅེས་བཤད་པ་རེད།
ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིང་ལ“HIP 65426 b”ཞེས་པའི་ཉི་མའི་ཁྱིམ་རྒྱུད་ཕྱིའི་རྒྱུ་སྐར་དེ་ནི་རླུངས་གཟུགས་རྒྱུ་སྐར་ཆེན་པོ་ཞིག་ཡིན་པས། བྲག་རྡོའི་ཕྱི་ངོས་མེད་ལ་སྡོད་རྒྱུར་ཡང་འཚམ་པོ་མེད། དེའི་སྤུས་ཚད་ནི་སྐར་མ་ཕུར་བུ་ལས་ལྡབ་6ནས་12བར་ཡིན་པ་དང་། ལོ་ཁྲི་1500ནས་2000ལོའི་བར་ཡིན་པ་དང་། སའི་གོ་ལ་ལས་ལོ་ཆུང་།
གནམ་རིག་པས་2017ལོར་ཡོ་རོབ་ལྷོ་ཕྱོགས་གནམ་དཔྱད་ལས་ཁུངས་ཀྱིས་ཆི་ལི་རྒྱལ་ཁབ་ཏུ་བཙུགས་པའི་རྒྱང་ཤེལ་ཆེན་པོ་ཞིག་སྤྱད་དེ། ཉི་མའི་ཁྱིམ་རྒྱུད་ཀྱི་ཕྱིའི་རྒྱུ་སྐར་ཤེས་རྟོགས་བྱུང་བ་དང་འབྲེལ་དེའི་པར་རིས་ཀྱང་བླངས་པ་རེད། ད་ཐེངས་ཝེ་པའོ་བར་སྟོང་རྒྱང་ཤེལ་གྱིས་རྒྱུ་སྐར་དེའི་ཞིབ་ཆ་མང་པོ་པར་ལེན་ཐུབ་ཡོད།
ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས། ཝེ་པའོ་བར་སྣང་རྒྱང་ཤེལ་གྱིས་པར་བླངས་པའི་པར་རིས་གསར་པས། དེའི་དམར་ཕྱིའི་རླབས་ཚན་གྱི་ལྟ་ཞིབ་ནུས་པ་ཆེན་པོ་མངོན་ཡོད་པས་ཉི་མའི་ཁྱིམ་རྒྱུད་ཕུད་པའི་འཛམ་གླིང་ཤེས་རྟོགས་ཐུབ་རྒྱུ་རེད། དེས་འབྱུང་འགྱུར་ཉི་མའི་ཁྱིམ་རྒྱུད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་རྒྱུ་སྐར་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། མིའི་རིགས་ཀྱིས་ཉི་མའི་ཁྱིམ་རྒྱུད་ཀྱི་ཕྱི་རོལ་རྒྱུ་སྐར་ཤེས་རྟོགས་ཐུབ་རྒྱུར་ཕན་པ་ཡོད་ཅེས་བཤད་པ་རེད།
ཝེ་པའོ་བར་སྣང་རྒྱང་ཤེལ་དེ་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་དང་། ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས། ཁ་ན་ཏའི་འཇིག་རྟེན་འཕུར་སྐྱོད་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་པ་དང་། ཧ་པོ་བར་སྣང་རྒྱང་ཤེལ་གྱི“རྒྱུན་འཛིན་པ”ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱང་ཤེལ་དེ་ནི་2021ལོའི་ཟླ་12ཚེས་25ཉིན་ཧྥ་རན་སེ་ཁོངས་གཏོགས་ཀྱི་ཀུའེ་ཡ་ན་ཁུའུ་ལུའུ་འཇིག་རྟེན་འཕུར་སྐྱོད་ལྟེ་གནས་ནས་འཕེན་གཏོང་བྱས་པ་ཞིག་ཡིན་པ་དང་། ད་ལོའི་ཟླ་1ཚེས་24ཉིན་ཉི་མ་དང་སའི་གོ་ལའི་མ་ལག་ཏུ་ལཱ་ཀི་རན་ཅེ་གནས་གཉིས་པ་སྐོར་བའི་འཁོར་ལམ་དུ་བདེ་བླག་ངང་ཞུགས་པ་རེད།
