འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་5ཉིན།

༄༅།།བོད་སྨན་ཏོག་གསར་གློ་ཚད་ནད་པ་སྐྱོབ་བཅོས་ལ་བེད་སྤྱད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་05ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན།  ཚེས་3ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཡུལ་ཤུལ་ཁུལ་ཏོག་གསར་གློ་ཚད་སྐྱོབ་བཅོས་གཏན་འཁེལ་སྨན་ཁང་གིས་ནད་པ་ལ་སྨན་བཅོས་བྱེད་པའི་ནང་བོད་སྨན་དང་ཕྱི་ལུགས་སྨན་ཟུང་འབྲེལ་གྱིས་སྤྱད་པ་དེས། ནད་གཞི་ཡང་མོ་ལྕི་མོར་འགྱུར་བ་དང་། ལྕི་མོ་དེ་ཉེན་ཆེའི་ལྕི་མོར་འགྱུར་ཚད་ནུས་ལྡན་གྱིས་ཇེ་དམའ་བཏང་ནས་དྲག་སྐྱེད་བྱུང་ཚད་མཐོ་རུ་བཏང་སྟེ། ཏོག་གསར་གློ་ཚད་ལ་ཀྲུང་(བོད)ཕྱི་གསོ་རིག་མཉམ་འདྲེས་ཀྱིས་བཅོས་པའི་ལམ་ལུགས་ཐད་ཕན་ནུས་ཐོབ་ཡོད། དེ་ནི་བོད་སྨན་གྱིས་ཏོག་གསར་གློ་ཚད་ཕོག་མཁན་ལ་སྨན་བཅོས་བྱེད་ཐེངས་དང་པོ་ཡིན་པ་རེད།     《བོད་སྨན་ཏོག་གསར་གློ་ཚད་སྨན་བཅོས་སྐྱོབ་བཅོས་ལས་དོན་ནང་ཞུགས་པའི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའི་གཞུང་དོན་ཁང་གི་བརྡ་ཐོ》(མཚོ་སྔོན་ཏོག་གསར་གློ་ཚད་མཛུབ་སྟོན་ཁང་【2022】ཨང་རྟགས་211)ཡི་བླང་བྱ་ལྟར། ཡུལ་ཤུལ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྤྱིའི་བཀོད་སྒྲིག་ལྟར། ཡུལ་ཤུལ་ཁུལ་བོད་སྨན་ཁང་གིས་སྨན་བཅོས་རྐང་འཛིན་པ་དང་། སྨན་པ་འབུམ་རམས་པ་རྡོ་རྒྱལ་དམིགས་འཛུགས་སྐྱོབ་བཅོས་སྨན་ཁང་དུ་སྡོད་ནས། 《མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གློ་ཚད་ལ་ཀྲུང་ལུགས་སྨན་རྫས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་འགོག་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་གསུམ་པ་)》བོད་སྨན་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས། ནད་པའི་ནད་རྟགས་དང་དེ་བཞིན་གཞོགས་འདེགས་ཞིབ་བཤེར་བྱས་འབྲས་ལེགས་སྒྲིག་དང་ཕྱོགས་སྡོམ་བྱས་ནས། དྲ་ཐོག་ཚོགས་འདུ་དང་ཡུལ་ཤུལ་ཁུལ་བོད་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་སྨན་བཅོས་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ། ཇུས་གཞི་དེ་ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་དང་བོད་སྨན་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་གྲོས་བསྡུར་བྱ་རྒྱུར་ཕུལ་ནས་མཐའ་མའི་སྨན་བཅོས་ཇུས་གཞི་གཏན་འཁེལ་བྱས་པ་རེད།
   ཡུལ་ཤུལ་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་རི་ས་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཡུལ་ཤུལ་ཁུལ་གྱིས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ནས། བོད་ལུགས་གསོ་རིག་གི་རིགས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཇུས་གཞི་གསར་ཤོས་ཞིབ་འཇུག་དང་ཞིབ་བཤེར་གཏན་འབེབས་བྱས་པ་དང་། བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་གྱིས་གྲོས་བརྟག་ལམ་སྲོལ་བཙུགས་པ། ནད་དཔེ་མི་འདྲ་བར་རིགས་དབྱེ་མཛུབ་ཁྲིད་དང་རིགས་དབྱེ་སྨན་བཅོས་བྱས་ཏེ། ཕྱི་ལུགས་སྨན་བཅོས་འཚམ་པ་ལ་དེ་ལུགས་དང་། ཀྲུང་ལུགས་སྨན་བཅོས་འཚམ་པ་ལ་དེ་ལུགས་ཀྱི་སྨན་བཅོས་བྱས་པ་རེད། དེ་དང་དུས་མཚུངས“མི་གཅིག་ལ་ཇུས་གཞི་གཅིག”གི་སྐྱོབ་བཅོས་བླང་བྱ་གཞིར་བཟུང་ནས། ནད་པའི་གཟུགས་གཞི་མི་འདྲ་བར་དམིགས་ནས་བོད་སྨན་གྱི་སྨན་བཅོས་བྱས་ཏེ་ནད་པར་འཕྲུལ་ཐང་དང་། གཙོ་བོ་ཉེར་ལྔ། ཨ་གར་སོ་ལྔ་སོགས་བོད་སྨན་སྤྲད་པས་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།
   མིག་སྔར་ནད་རྟགས་མེད་པའི་ནད་པ་10དང་སྤྱིར་བཏང་གི་ནད་པ་3ལ་བོད་སྨན་སྨན་བཅོས་བྱས་པ་དང་། དེའི་ནང་བོད་སྨན་རྐྱང་བ་སྤྱད་པའི་ནད་པ་5དང་། བོད་སྨན་དང་ཕྱི་ལུགས་སྨན་རྫས་མཉམ་དུ་བེད་སྤྱད་པའི་ནད་པ་8ཡོད་པ་མ་ཟད། ནད་པ་རེ་རེའི་ནད་བབ་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དང་། དེའི་ནང་ནས་བོད་སྨན་ཁོ་ནའི་སྨན་བཅོས་དང་ལེན་བྱེད་མཁན་3སྨན་ཁང་ནས་ཐོན་ཡོད། བོད་སྨན་དང་ཕྱི་ལུགས་སྨན་རྫས་མཉམ་འབྲེལ་ངང་སྨན་བཅོས་དང་ལེན་བྱེད་མཁན་4སྨན་ཁང་ནས་ཐོན་ཡོད་པ་རེད།