འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་2ཉིན།

༄༅།།ཏུན་ཧོང་བོད་ཡིག་ཡིག་ཪྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་པར་དུ་སྐྲུན་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་01ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ལོ་བརྒྱད་ལ་འཚོལ་སྡུད་དང་ལེགས་སྒྲིག་བྱས་པའི《ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཪྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས(དེབ་30)》ད་ལྟ་དངོས་སུ་པར་དུ་སྐྲུན་པ་རེད། ཚེས་26ཉིན་ཀློག་པ་པོ་དཔེ་སྐྲུན་ཚོགས་པའི་ཁོངས་གཏོགས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་འགོ་འཛིན་ཏང་ཁྲེན་ཧྥེ་ཡིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། དཔེ་ཚོགས་དེའི་ནང་ཀན་སུའུ་རུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཪྙིང་6700ལྷག་བསྡུས་ཡོད་ཅིང་། དེ་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཡིག་ཆ་ཆ་ཚང་ཕབ་འཇུག་བྱས་པའི་ཐོག་ནས་པར་སྐྲུན་བྱེད་ཐེངས་དང་པོ་དེ་ཡིན་ཞེས་བཤད།  
   “དཔེ་ཚོགས་དེ‘ཏུན་ཧོང་ཡིག་ཪྙིང་གི་གཞི་གྲངས་མཛོད་འཛུགས་སྐྲུན’ལས་གཞིའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཁྱོན་དེབ་30དང་ཡིག་འབྲུ་ཁྲི་2205ལྷག་ཡོད། ཏུན་ཧོང་ཞིབ་འཇུག་གླིང་གི་ཁམས་འཚོ་སྐྱིད་དང་པད་མ་དབང་རྒྱལ་གྱིས་གཙོ་སྒྲིག་འགན་འཁུར་བྱས་ཤིང་། ཀློག་པ་པོ་དཔེ་སྐྲུན་ཚོགས་པ་དང་མཉམ་འབྲེལ་ངང་དཔེ་སྐྲུན་བྱས་པ་རེད”ཏང་ཁྲེན་ཧྥེ་ཡིས་ངོ་སྤྲོད་བྱས་དོན། དཔེ་ཚོགས་ནང་མིག་སྔར་ད་དུང་པར་སྐྲུན་བྱས་མེད་པའི་བཙན་པོའི་དུས་ཀྱི་རྟ་ཟམ་ལམ་ལུགས་དང་ས་གནས་ཁག་གཅིག་གི་ས་མིང་སོགས་རྒྱུ་ཆ་རྩ་ཆེན་ཡོད་པས། ཏུན་ཧོང་གི་རིག་གནས་སྒྱུ་རྩལ་ཐོན་ཁུངས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་གཞི་གྲངས་ཅན་གྱི་མཉམ་སྤྱོད་ཐུབ་པར་ཕན་པ་ཡོད་ཟེར། 
   ཏུན་ཧོང་གི་བོད་ཡིག་ཡིག་ཪྙིང་ནང་བོད་བཙན་པོས་དབང་སྒྱུར་སྐབས་སུ་ཏུན་ཧོང་དང་རྨ་ནུབ་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རིག་གནས། མི་རིགས་ཀྱི་འབྲེལ་བ་སོགས་བཀོད་ཡོད་ལ། སྐབས་དེར་ཏུན་ཧོང་གི་སྤྱི་ཚོགས་རྣམ་པའང་མཚོན་ཡོད། དེའི་དཔྱད་གཞིའི་མ་ལག་རང་བཞིན་དང་ཆ་ཚང་རང་བཞིན་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱད་དུ་འཕགས་པ་ཞིག་རེད། 
   “དཔེ་ཚོགས་ནང་སྤྱི་ལོའི་དུས་རབས་བརྒྱད་པ་དང་དགུ་པའི་ཏུན་ཧོང་གི་བོད་ཡིག་ཡིག་ཪྙིང་དང་བོད་བཙན་པོའི་དུས་ཀྱི་བོད་ཀྱི་ལོ་རྒྱུས་རིག་གནས་དང་བོད་རྒྱ་འབྲེལ་བའི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་བསྡུས་ཡོད” ཏང་ཁྲེན་ཧྥེ་ཡིས་ངོ་སྤྲོད་བྱས་དོན། དེའི་ནང་དུ་གཙོ་བོ་ཏུན་ཧོང་གི་བོད་བཙན་པོའི་དུས་ཀྱི་ཆོས་དཔེ་བཤུ་འབྲི་བྱས་ཚུལ་དང་བཤུ་འབྲི་དང་ཞུ་དག་ལམ་ལུགས་དང་། བཙན་པོའི་དུས་ཀྱི་མཐོ་རིམ་དབང་སྒྱུར་པའི་དབར་གྱི་འཕྲིན་དང་དེ་བཞིན་གཞུང་སྒེར་གཉིས་ཀྱི་ཡིག་རིགས། དམངས་ཁྲོད་ཀྱི་གན་རྒྱ། ཆོས་ལུགས་མཛད་སྒོའི་ཐད་ཀྱི་རྡོ་རིང་ཡི་གེ་དང་སྨོན་ལམ་སོགས་དང་བཙན་པོའི་དུས་ཀྱི་ལོ་རྒྱུས་མི་སྣ་གལ་ཆེན་གྱིས་ཆོས་དཔེ་བཤུ་འབྲི་དང་ཞུ་དག་བྱས་ཚུལ།  དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་ཀྱི་བྱེད་སྒོ་སོགས་ཀྱི་ཡིག་ཆ་སོགས་ཚུད་ཡོད་ཅེས་བཤད་པ་རེད།
   ཏུན་ཧོང་མའོ་ཀའོ་བྲག་ཕུག་ནས་ཐོན་པའི་ཏུན་ཧོང་གི་བོད་ཡིག་ཡིག་ཪྙིང་ཁག་གཅིག་ཕྱི་རྒྱལ་དུ་གྱར་ཞིང་། མིག་སྔར་གཙོ་བོ་ཧྥ་རན་སེ་དང་། དབྱིན་ཇི། ཀྲུང་གོ་བཅས་སུ་ཉར་ཚགས་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཡིས་སྔ་རྗེས་སུ་ལེགས་སྒྲིག་བྱས་ཤིང་། ཧྥ་རན་སེ་དང་། དབྱིན་ཇི། ཀན་སུའུ་བཅས་སུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཪྙིང་མཉམ་འབྲེལ་ཐོག་པར་སྐྲུན་བྱས་པ་སྟེ།《ཧྥ་རན་སེའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཪྙིང》དང་།《དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཪྙིང》《ཀན་སུའུ་རུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཪྙིང》སོགས་དངོས་སུ་པར་སྐྲུན་བྱས་ཟིན། དེའི་ནང་དོན་ནང་བསྟན་གྱི་གསུང་འབུམ་དང་། ལོ་རྒྱུས་ཀྱི་རྩོམ་ཡིག གན་རྒྱ། ཁྲིམས་ཡིག འཕྲིན་ཡིག་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།