འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་30ཉིན།

༄༅།།ཀན་སུའུ་ཀླུ་ཆུས་ལྗང་མདོག་འཕེལ་རྒྱས་བཏང་ནས་གངས་ལྗོངས་ས་མཐོར་གསོན་ཤུགས་གསར་པ་བསྣན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་30ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧུའུ་ཝུའེ་ཅེ་དང་ཝུན་ཅིང་།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་བྱས་པ་དང་། ཁྱོན་ཡོངས་ལ་ཁྱབ་པའི་སྐྱེ་ཁམས་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་འབྲོག་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ཀྱི་རྣམ་པར་བརྟེན་ནས“སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་ཁེ། སྐྱེ་ཁམས་དམངས་ཆེད”བཅས་ཀྱི་ལྗང་མདོག་གི་རྒྱུགས་ལན་ཕུལ་བ་རེད།
     ཀླུ་ཆུ་རྫོང་དེ་མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་འབྲེལ་མཚམས་ཀྱི་ས་ཆར་གནས་ཤིང་། སྟོན་འགོར་གསར་འགོད་པ་ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་དཔོན་སྐོར་གྲོང་ཚོར་སླེབས་ཤིང་། གྱང་སེར་པོ་དང་ཐོག་དམར་པོ་ཡིན་པའི་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་པོས་བསྐྲུན་འདུག འོན་ཀྱང་ལོ་ཤས་གོང་དེར་དུད་ཚང་བཅུ་གྲངས་ལས་མེད།
     “འབྲོག་པ་དེ་གར་གཞིས་ཆགས་ནས་གྲོང་ཚོ་སྔར་བས་མཛེས་སྡུག་ལྡན་པར་གྱུར་སོང་། གྲོང་ཚོའི་ལམ་བུའི་ཐོག་གི་ལྕི་བ་དང་གད་སྙིགས་གཙང་མར་ཕྱགས་མཁན་ཡོད་པ་དང་། ཨར་འདམ་ལམ་བུ་བཏིང་བ་དང་། སྡོད་ཁང་རྙིང་པ་བསྐྱར་སྐྲུན་བྱས་ནས་བོད་བཟོའི་སྡོད་ཁང་བསྐྲུན་པས་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ལོ་ལྟར་བོད་ཀྱི་ལོ་གསར་སྐབས་ཧུར་ལེ་གྲོང་ཚོས་གཞས་དང་ཞབས་བྲོ་སོགས་འགྲན་བསྡུར་བྱེད་ཀྱི་ཡོད། དེ་གོང་རྩྭ་རའི་ཐོག་གང་སར་སྐྱས་སྤོས་བྱེད་པའི་འབྲོག་པ་རྣམས་ད་ཆ་འཆམ་མཐུན་ལྡན་པའི་གྲོང་པ་ཁྱིམ་མཚེས་སུ་གྱུར་ཡོད”ཅེས་མ་ངེ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་སངས་རྒྱས་རྒྱ་མཚོས་ངོ་སྤྲོད་བྱས།
     དཔོན་སྐོར་གྲོང་ཚོ་ནི་ཀླུ་ཆུ་རྫོང་གི་ཉེ་བའི་ལོ་ཤས་རིང་གི་སྐྱེ་ཁམས་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལག་བསྟར་བྱས་པའི་བསྡུས་རིས་ཤིག་རེད། 2015ལོ་ནས་བཟུང་ཀླུ་ཆུ་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་9.6ཙམ་བཏང་ནས་སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་95བསྐྲུན་ཡོད། རྫོང་ཡོངས་ཀྱི་རང་བྱུང་གྲོང་ཚོ་ཚང་མར་ཁྱབ་པ་དང་མི་ཁྲི་2.7ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
     རྒྱལ་ལམ་213བརྒྱུད་ནས་སྐྱོད་སྐབས་ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་4Aམཛེས་ལྗོངས་ཁུལ་ཐོག་མ་དེ་ཡིན་པའི་འབྲོག་པའི་གཞིས་ཆགས་ཁུལ་ཀླུ་ཆུ་རྫོང་དཀར་ཆུ་གྲོང་ཚོ་མིག་ལམ་དུ་མངོན་བཞིན་ཡོད།
     སྐྱེ་ཁམས་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་པ་བརྒྱུད། དེ་སྔོན་རྗེས་ལུས་དང་དབུལ་ཕོངས་ཀྱི་གནས་སུ་གྱར་ཡོད་པའི་དཀར་ཆུ་གྲོང་ཚོར་2017ལོར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་ཀྱིས་ཡུལ་སྐོར་གྱི་ཡུལ་ཐོན་ཐོན་ཟོག་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། ཀུང་སིས་སྣེ་ཁྲིད་ནས་བོད་ཁྱིམ་སྤྲོ་སྐྱིད་ཁང་བསྐྲུན་པ་དང་ད་ཆ་ཡུལ་སྐོར་གྲགས་ཅན་གྲོང་ཚོར་གྱུར་ཡོད།
     རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོའི་འཚོ་སྐྱོང་ཁུལ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་ཆེད། ཀླུ་ཆུ་རྫོང་གིས་སྐྱས་སྤོས་རྩྭ་གསོ་དང་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་སོགས་ཀྱི་འདུ་འགོད་ལག་བསྟར་བྱས་པ་དེས་རྩྭ་ཐང་གི་སྐྱེ་ཁམས་གནོན་ཤུགས་ཆུང་དུ་ཕྱིན་ཡོད། དེ་དང་དུས་མཚུངས“དུད་ཚང་བཅུ་ཡི་ཐོན་སྦྲེལ”མཉམ་ལས་གཉེར་སྐྱོང་བྱེད་སྟངས་ལག་བསྟར་བྱས་ནས་འབྲོག་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་པ་དང་སྲོལ་རྒྱུན་གྱི་འབྲོག་ལས་སྒྱུར་བཀོད་ལ་སྐུལ་འདེད་ཀྱང་བཏང་ཡོད་པ་རེད།
     མིག་སྔར། ཀླུ་ཆུར་ཞིང་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ཁྱོན་270ཡོད་པ་དང་འབྲོག་དུད་5600ལ་འབབ་འཕར་ཡོང་བ་བྱས་ཡོད། འབྲོག་ལས་ཐོན་སྐྱེད་འོས་འཚམ་གཞི་ཁྱོན་ཅན་དང་། གསོ་ཚགས་ཚད་གཞི་ཚད་ལྡན་ཅན། གཉེར་སྐྱོང་ཚོང་གཉེར་ཁྲོམ་ར་ཅན། ཐོན་སྐྱེད་སྒྲིག་བཀོད་ཚད་གཞི་ཅན་བཅས་ཀྱི་དེང་རབས་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།
     སྐྱེ་ཁམས་སྔོན་འཇོག་གི་འཕེལ་རྒྱས་ལམ་བུ་དེ་ནི་དབུལ་ཕོངས་ལས་སྒྲོལ་བའི་ལམ་བུ་ཞིག་ཡིན་པ་མ་ཟད། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་དེ་བས་ཡིན། ཀླུ་ཆུའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་ཆུ་ཚད་ལྡན་པའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད་པས་གངས་ལྗོངས་ས་མཐོར་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་བཞིན་ཡོད།