༄༅།།ཉིང་པོ་ཡི་ཨ་རི་བས་རྐང་བཙུགས་ནས་མི་བསད་པ་ལ་སྲོག་ཁྲིམས་བཅད།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 08ཚེས་26ཉིན། 15:12】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་25ཉིན། ཀྲེ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་གཉིས་པས་རྒྱལ་ཁོངས་ཨ་རི་ཡིན་པའི་ཞུ་སྦྱོར་ཕྱི་མ་ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང(གཤམ་དུ་བསྡུས་མིང་ལ་ཧྲ་ཏི་ཏེ་ཞེས་བརྗོད་རྒྱུ)གིས་བསམ་གཟས་ནས་མི་བསད་པ་གོང་གཏུག་བྱས་པའི་གྱོད་གཞི་དེ་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་ནས་གོང་གཏུག་ཕྱིར་སློག་བྱས་པ་དང་། ཐོག་མའི་དཔྱད་མཚམས་སོར་འཇོག་བྱ་རྒྱུའི་ཁྲུན་ཐག་བཅད་པ་མ་ཟད། ཁྲིམས་ལྟར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་ཞིབ་མཆན་འགོད་རྒྱུའི་སྙན་སེང་ཡང་ཞུས་པ་རེད།
ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་ཐེངས་དང་པོ་བྱས་ནས་རྩད་ཆོད་པ་སྟེ། 2013ལོའི་ཟླ་6པར། ཞུ་སྦྱོར་ཕྱི་མ་ཧྲ་ཏི་ཏེ་ཀྲུང་གོར་ཡོང་ནས་ལས་ཀ་བྱས་པ་དང་། ཕྱིས་སུ་གཉེན་སྒྲིག་བྱས་པ་མ་ཟད་བུ་གཅིག་ཀྱང་ཡོད་པ་རེད། 2019ལོའི་ཟླ་3པའི་གཡས་གཡོན་དུ། ཧྲ་ཏི་ཏེ་དང་ཆུང་མ་གཉིས་སོ་སོར་བསྡད་ཅིང་། 2021ལོའི་ཟླ་5པའི་ཚེས་6ཉིན་གཉེན་འཐོར་བརྒྱབ། 2019ལོའི་ལོ་འགོར། ཧྲ་ཏི་ཏེས་གཉེན་འཐོར་ཡིན་ཞིང་ཁེར་རྐྱང་ཡིན་ཞེས་རྫུན་བཤད་པ་དང་། གནོད་འཚེ་ཐེབས་མཁན་ཁྲེན་ཆེ་གེ་མོ(མོ། ལོ་21)དང་དགའ་རོགས་ཀྱི་འབྲེལ་བ་བཙུགས། 2021ལོའི་ཟླ་5པའི་ཟླ་སྨད་ནས་བཟུང་། ཁྲེན་ཆེ་གེ་མོས་ཁ་ཁ་བྱ་རྒྱུའི་རེ་བ་ཐེངས་མང་བཏོན་པ་དང་། ཧྲ་ཏི་ཏེ་ཏེ་ཡིས་མོས་མཐུན་མ་བྱས་པ་མ་ཟད་ཁྲེན་ཆེ་གེ་མོ་ལ་སྐད་ཆའི་འཇིགས་སྐུལ་ཡང་བྱས། ལོ་དེའི་ཟླ་6པའི་ཚེས་14ཉིན་གྱི་ཆུ་ཚོད་20ཡས་མས་སུ། ཧྲ་ཏི་ཏེ་ཡིས་ཁྲེན་ཆེ་གེ་མོ་ཉིང་པོ་གྲོང་ཁྱེར་ཐོང་ཐང་ལམ་ཆིང་ཧྲུའུ་ཟམ་པ་ལམ་མདོའི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་ཉེ་འགྲམ་དུ་ཐུག་འཕྲད་ཁ་ཆད་བྱས་ཤིང་། ཆུ་ཚོད་21དང་སྐར་མ་48ཙམ་ལ་སྔོན་ལ་གྲ་སྒྲིག་བྱས་པའི་ལྟེབ་གྲིས་ཁྲེན་ཆེ་གེ་མོ་ལ་གཙགས་ཤིང་། སྐེ་བཅད་པ་དང་ངོ་གདོང་ལ་གྲི་བསྣུན་པས་ཁྲེན་ཆེ་གེ་མོ་ཁྲག་བཞུར་བ་མང་ཆེ་ནས་ས་དེ་གར་ཤི་བ་རེད། ཉིང་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཧྲ་ཏིས་ཏེའི་ནག་ཉེས་ཀྱི་དོན་དངོས་དང་། ངོ་བོ། ཉེས་ཚབས། མཇུག་འབྲས་བཅས་ལ་གཞིགས་ནས་ཁྲིམས་ལྟར་བསམ་གཟས་ནས་མི་བསད་པའི་ནག་ཉེས་ལ་བརྟེན་ནས་སྲོག་ཁྲིམས་བཅད་པ་རེད།
འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། ཞུ་སྦྱོར་ཕྱི་མ་ཧྲ་ཏི་ཏེས་གོང་གཏུག་ཞུས་པ་རེད། ཀྲེ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཡོངས་གྲགས་སུ་ཁྲིམས་ས་འཚོགས་ནས་གྱོད་དོན་འདི་ཞིབ་གཅོད་བྱས་པ་དང་། ཉིང་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དོན་དངོས་ཁ་གསལ་ཡིན་པ་དང་། དཔང་རྟགས་ཁུངས་བཙན་ཡིན་པ། ནག་ཉེས་གཏན་འཁེལ་ཡང་དག་ཡིན་པ། བྱས་ཉེས་ཚད་འབེབས་འོས་འཚམ་ཡིན་པ། འདྲི་གཅོད་གོ་རིམ་ཁྲིམས་དང་མཐུན་པ་བཅས་ཀྱི་ངོས་འཛིན་བྱས་པར་བརྟེན། གོང་གསལ་བཀའ་བཅད་བཏང་བ་རེད།
ཀྲེ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱེད་རིང་ཞུ་སྦྱོར་ཕྱི་མ་ཧྲ་ཏི་ཏེ་དང་གནོད་འཚེ་ཕོག་མཁན་གྱི་གཉེན་ཉེའི་ཞུ་གཏུག་དབང་ཆ་ཁག་ཁྲིམས་ལྟར་འགན་ལེན་བྱས་པ་རེད། ཁྲིམས་ཁང་གིས་ཧྲ་ཏི་ཏེས་མངགས་གཏོང་བྱས་པའི་དག་འབུད་ཁྲིམས་རོགས་པ་དང་གདན་འདྲེན་ཞུས་པའི་སྐད་ཡིག་སྒྱུར་མཁན། གནོད་འཚེ་ཕོག་མཁན་གྱི་གཏུག་བཤེར་ངོ་ཚབ་གཉིས་ཀ་ཁྲིམས་རར་ཡོང་ནས་བཅད་ཁྲ་ཁྱབ་བསྒྲགས་བྱེད་པར་ཞུགས། ཧྲང་ཧའེ་རུ་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་དཔོན་རིགས་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་བཅས་ཁྱོན་མི་20ལྷག་ཙམ་གྱིས་བཅད་ཁྲ་ཁྱབ་བསྒྲགས་ཟུར་ཉན་བྱས་པ་རེད།
