འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་23ཉིན།

༄༅།།བོད་ལྗོངས་ཨ་མདོའི་ལག་ཤེས་བཟོ་རྩལ་བ་ཚེ་རྒྱལ། བགྲང་བྱ་36རིང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་ལ་འབད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་23ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཆེ་ཆུང་དང་བཟོ་ལྟ་མི་འདྲ་བའི“དཔའ་རྒོད་ཞྭ་མོ”ཡིན་པ།
འདི་ནི་ཆེ་ཆུང་དང་བཟོ་ལྟ་མི་འདྲ་བའི“དཔའ་རྒོད་ཞྭ་མོ”ཡིན་པ།
     བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་མང་ཚོགས་ཚོས་སྲོལ་རྒྱུན་གྱི་ཞྭ་མོ་ཉོ་སྐབས། རྟག་ཏུ“རྒན་ཚེ་རྒྱལ་ལགས་ཀྱིས་བཟོས་པ་ཡིན་ནམ”ཞེས་སྐད་ཆ་འདྲི་གི་ཡོད།
     ཚེ་རྒྱལ་ནི་ཨ་མདོ་རྫོང་གི་ཞྭ་བཟོ་བ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་བཟོས་པའི་ཞྭ་མོ་ནི་ཨ་མདོའི་སྲོལ་རྒྱུན་གྱི་རྒྱན་གོས་ཤིག་ཡིན་ལ། བཟོ་ལྟ་དམིགས་བསལ་ཆེ་བས། ས་ཁུལ་གཞན་པའི་བོད་རིགས་ཀྱི་སྲོལ་རྒྱུན་ཞྭ་མོ་དང་ཁྱད་པར་ཆེན་པོ་ཡོད།
     ཨ་མདོའི་ཞྭ་མོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ཞྭ་མོའི་སྟེང་དུ་རས་དང་ཚོན་སྐུད་ཀྱིས་བསླས་པའི་ཏོག་ཆུང་ཆུང་ཞིག་ཡོད་པ་དང་ཞྭ་ཏོག་མཐོ་ཚད་ལ་ལི་སྨི་ཉི་ཤུ་དང་སུམ་ཅུ་ཡས་མས་ཡོད། ཞྭ་ཏོག་དེའི་ཚོན་སྐུད་ཀྱི་ཁ་དོག་ནི་སྤྱིར་ན་སེར་པོ་དང་། ལྗང་ཁུ། དཀར་པོ། དམར་པོ། སྔོན་པོ་བཅས་ལས་གྲུབ་ཅིང་། དེ་དག་སོ་སོས་ས་སེར་པོ་དང་། ཆུ་ལྗང་ཁུ། སྤྲིན་དཀར་པོ། མེ་དམར་པོ། གནམ་སྔོན་པོ་བཅས་མཚོན་གྱི་ཡོད། དེ་ནི་སྐབས་དེའི་དཔའ་བོར་སྤྲོད་པའི་བྱས་རྗེས་གཟེངས་རྟགས་ཀྱང་ཡིན་ཞིང་། དམག་ལ་རྒྱལ་ཁ་ཐོབ་ཐེངས་རེར་དཔའ་བོ་ཚོས་ཞྭ་ཏོག་སྟེང་ཚོན་མདོག་གཅིག་སྣོན་པ་དང་། ཚོན་མདོག་ཇི་ཙམ་མང་ན་དེ་ཙམ་གྱིས་བྱས་རྗེས་མང་བ་བཞག་པ་མཚོན་གྱི་ཡོད།
     ཞྭ་མོ་དེ་རིགས་ནི་བཟོ་ལྟ་དམིགས་བསལ་ཆེ་བ་མ་ཟད་རིག་གནས་ཀྱི་ནང་དོན་ཟབ་མོ་མཚོན་པས། ཨ་མདོ་བའི་ཐོབ་ཐང་གི་མཚོན་རྟགས་ཤིག་ཏུ་གྱུར་ཡོད་ལ། ཨ་མདོ་བས་དཔའ་བོར་དད་གུས་བྱེད་པ་ཡང་མཚོན་གྱི་ཡོད། དེར་བརྟེན་ཞྭ་མོ་དེ་རིགས་ལ“དཔའ་རྒོད་ཞྭ་མོ”ཞེས་ཀྱང་བརྗོད་ཆོག
     ཚེ་རྒྱལ་ཆུང་བྱིས་པའི་དུས་སུ། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ས་ཁུལ་ཁག་དབར་གྱི་སྤེལ་རེས་ཀྱང་སྔར་བས་མང་དུ་དང་སྟབས་བདེར་ཕྱིན་ཞིང་། དར་བཟོ་ཆེ་བའི་གྱོན་གོས་ཀྱང་ཉེ་འགྲམ་གྱི་མཚོ་སྔོན་སོགས་ནས་ཨ་མདོར་དར་ཁྱབ་བྱུང་སྟེ་གཞོན་ནུ་ཚོའི་གྱོན་ཆས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་སྲོལ་རྒྱུན་གྱི་གྱོན་གོས་ལ་དགའ་པོ་བྱེད་མཁན་རིམ་གྱིས་མང་དུ་ཕྱིན་ཡོད།
     ཚེ་རྒྱལ་གྱི་ཕ་དང་སྤོ་བོ་ནི་ཨ་མདོའི་ཡུལ་དེ་གའི་སྐད་གྲགས་ཆོད་པའི་འཚེམ་བཟོ་ཆེ་མོ་བ་ཡིན། ཆུང་དུས་ནས་མིག་འདྲིས་རྣར་འཇགས་བྱུང་བ་དང་ཕ་དང་སྤོ་བོས་བཙེམས་པའི་གྱོན་གོས་གྱོན་ནས་འཚར་ལོངས་བྱུང་རྐྱེན། ཚེ་རྒྱལ་གྱིས་ཨ་མདོའི་སྲོལ་རྒྱུན་གྱི་གྱོན་ཆས་ལ་ཧ་ཅང་དགའ་པོ་ཡོད་པ་དང་ལག་རྩལ་དེ་སྟོངས་པར་གྱུར་ཡོང་བསམ་པར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
     ལོ་18ལ་སོན་སྐབས་ཚེ་རྒྱལ་གྱིས་ཕ་ཡི་ས་ནས་སྲོལ་རྒྱུན་གྱོན་གོས་འཚེམ་སྟངས་སྦྱངས་པ་མ་ཟད། ཨ་མདོའི་སྲོལ་རྒྱུན་གྱོན་གོས་དང་བཟོ་རྩལ་རྒྱུན་འཛིན་དར་སྤེལ་གཏོང་རྒྱུའི་སེམས་ཐག་ཀྱང་བཅད།
     སྦྱངས་མཐར་ཕྱིན་པའི་ཉིན་ནས་བཟུང་། བློ་གཅིག་སེམས་གཅིག་གིས་འཚེམ་བུ་རྒྱག་རྩལ་སྦྱོང་འདོད་ཡོད་མཁན་ཞིག་ཡིན་ཕྱིན་ཚེ་རྒྱལ་གྱིས་རྫོང་གྲོང་དུ་ཕོ་མོ་དབྱེ་བ་མེད་པར་རིན་མེད་ངང་སློབ་རྐྱང་བྱེད་ཀྱི་ཡོད།
     ཚེ་རྒྱལ་གྱི་ངོས་ནས་བརྗོད་ན། ལག་རྩལ་འདི་ལ་བརྟེན་ནས་འཚོ་ཐབས་འཕྱིད་པ་དང“དཔའ་རྒོད་ཞྭ་མོ”དང་ཨ་མདོའི་སྲོལ་རྒྱུན་གྱོན་ཆས་ཁྱབ་གདལ་དང་རྒྱུན་འཛིན་བྱེད་མཁན་སྔར་ལས་མང་བ་བྱུང་ཚེ་དེ་ནི་ཁོང་གི་ལས་ལ་བྱས་པ་ཐོན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འཚེམ་བུ་རྒྱག་རྩལ་དངོས་སུ་སྦྱངས་པ་ནས་ད་བར་ཚེ་རྒྱལ་གྱིས“དཔའ་རྒོད་ཞྭ་མོ”དང་ཨ་མདོའི་སྲོལ་རྒྱུན་གྱོན་ཆས་བཟོ་རྩལ་རྒྱུན་འཛིན་བྱ་ཆེད། བགྲང་བྱ་36ཏག་ཏག་དེར་རྩེ་གཅིག་ཏུ་གཞོལ་ཡོད།
     ད་ཆ་ཚེ་རྒྱལ་གྱིས་བསམ་པ་རྣམ་དག་དང་ལག་རྩལ་བྱང་པོར་བརྟེན་ནས་བཟོས་པའི“དཔའ་རྒོད་ཞྭ་མོ”སྐད་གྲགས་ཆོད་ནས་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད།
【1】  【2】  【3】
འདི་ནི་ཚེ་རྒྱལ་གྱིས“དཔའ་རྒོད་ཞྭ་མོ”འཚེམ་བཞིན་པ།
འདི་ནི་ཚེ་རྒྱལ་གྱིས“དཔའ་རྒོད་ཞྭ་མོ”འཚེམ་བཞིན་པ།