འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་19ཉིན།

༄༅།།ལག་གདང་སྦྲེལ་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་པ།

—— ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་19ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
     ཁ་གཏད་བོད་སྐྱོར་ལས་དོན་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་གཞི་ཚུགས་ནས་བཀོད་པའི་འཐབ་ཇུས་གལ་ཆེན་ཞིག་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག རྒྱལ་ཁབ་ཀྱིས་བོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་དབྱང་གི་པུའུ་ཨུད་དང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཞིང་ཆེན་གྱིས་ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གསར་གཏོད་ཀྱིས་སྤེལ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཧ་ཅང་ཆེན་པོ་བཏང་ཡོད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་དང་མཉམ་དུ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད།
     མངགས་བཅོལ་ཟབ་མོ་གནང་། ཡར་བརྩོན་སྐུལ་ལྕག་ཟབ།
     བོད་ལ་ཀྲུང་གོ་ཡོངས་ཀྱིས་དོ་ཁུར་ཆེན་པོ་བྱས་པ།
     ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་ཞིང་། 1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པས་ཁ་གཏད་བོད་སྐྱོར་བྱེད་འགོ་བཙུགས་ཡོད།
     དུས་རབས་གསར་པར་སླེབས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་དང་བོད་སྐྱོར་ལས་དོན་ལ་ཐུགས་ནུས་ཡོད་རྒུ་བཏོན་གནང་ཡོད།
     2021ལོའི་ཟླ་7པར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་ལུགས་མཚོན་པར་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད།
     རྒྱལ་ཁབ་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་བྱས་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
     ན་ནིང་ཟླ་7པར་བོད་དུ་རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོར་ལས་བྱེད་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་སྐྱོར་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་སྙིང་སྟོབས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཞིག་རེད། གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། སྙིང་སྟོབས་དེ་ནི་གསར་བརྗེའི་ཕུགས་བསམ་དགུང་ལས་མཐོ་བ་དེ་རེད། ས་མཐོར་ཡོད་པའི་ཁྱེད་ཚོའི་སྙིང་སྟོབས་ནི་ས་མཐོ་ལས་མཐོ་བ་ཡོད། བྱ་བ་དེ་ངེས་པར་དུ་རྒྱུན་ཆད་མེད་པར་མི་རབས་ནས་མི་རབས་བར་སྒྲུབ་དགོས”ཞེས་གསུངས་ཡོད།
     ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་དང་ཁག་གིས་གངས་ལྗོངས་ས་མཐོར་མུ་མཐུད་འབད་འཐབ་བྱས་ཏེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ནས་མི་སེམས་འགུལ་བའི་འབད་འཐབ་ཀྱི་ལེའུ་ཞིག་བརྩམས་ཡོད།
     ལོ་བཅུའི་རིང་། བོད་སྐྱོར་ལས་བྱེད་པས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་བློ་གཤོག་ཆེན་པོས་འགན་འཁྲི་ཕྲག་ཏུ་འཁུར་ཞིང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་འཇོག་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐད་དཀའ་སྤྱད་དངོས་སྒྲུབ་བྱེད་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ་ལ་སྐུལ་འདེད་གཏོང་བའི་ཐད་སེམས་ནུས་ཡོད་རྒུ་འདོན་པ་བཅས་བྱས་ཏེ། བོད་ཀྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གཅིག་ཀྱང་མི་ལྷག་པ་བྱེད་པར་རོགས་རམ་བྱས་ནས། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད་དང་སྐྱོད་བཞིན་ཡོད།
     དུས་རབས་གསར་པའི་བོད་ལྗོངས་སུ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ནས་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་སོང་བ། མི་རིགས་མཐུན་སྒྲིལ་ཉིན་བཞིན་ཟབ་ཏུ་ཕྱིན་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་ཉིན་བཞིན་འཚམ་མཐུན་བྱུང་བ། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་བྱུང་ནས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད།(པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད)
     སེམས་པ་གཅིག་ཏུ་བསྒྲིལ། མཐུན་སྒྲིལ་འབད་འབུངས་བྱས།
     ཡུལ་སྨད་ནི་སྐབས་ཤིག་རིང་ནང་མི་གསུམ་ལས་མེད་པའི“མི་གསུམ་ཤང”རེད། བགྲེས་སོང་སངས་རྒྱས་ཆོས་འཕགས་དང་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ཀྱིས་དེ་གར་ལོ་བཅུ་གྲངས་ཁ་ཤས་ཉིན་གཅིག་ལྟར་ཕྱུགས་འཚོས་ནས་མཐའ་མཚམས་བསྲུངས་ཡོད།
     ད་ཆ་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་འདི་ཉིད་དུད་ཚང་67དང་མི་240ཡོད་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་གྱུར་ཡོད།
     “དེ་གའི་རྨང་གཞིའི་སྒྲིག་བཀོད་མང་པོ་ཞིག་ནི་ཧུའུ་ནན་གྱིས་རོགས་སྐྲུན་བྱས་པ་ཞིག་རེད”ཡུལ་སྨད་ཤང་གི་ཤང་ཀྲང་གཞོན་པ་པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས་དོན། ལོ་གསུམ་རིང་ཧུའུ་ནན་གྱིས་མ་དངུལ་སྒོར་ཁྲི་1200བཏང་ནས་ཡུལ་སྨད་ཤང་གི་ལོ་རྒྱུས་ཁང་དང་། རིག་གནས་ཐང་ཆེན། མེ་གསོད་རླངས་འཁོར་འཇོག་ས། ཡུལ་སྨད་སློབ་ཆུང་གི་དཔེ་མཛོད་ཁང་སོགས་སྒྲིག་ཆས་གསར་དུ་བསྐྲུན་པ་མ་ཟད། ད་དུང་བགྲེས་སོང་སངས་རྒྱས་ཆོས་འཕགས་ཀྱི་སྡོད་གནས་རྙིང་པ་ཉམས་གསོ་བྱས་པ་དང་སྤྱི་ལེ་3ཙམ་གྱི་ལམ་བུ་བསྐྱར་སྐྲུན་ཡང་བྱས་ཡོད།
     2019ལོའི་ཟླ་7པ་ནས་བཟུང་གི་ལོ་གསུམ་ནང་ཁག་དགུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་གཟེངས་སུ་ཐོན་པའི་གྲུབ་འབྲས་མང་པོ་བཏོད་པ་སྟེ།
     རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་206.31དོན་འཁྱོལ་བྱས་པ་དང་། བོད་སྐྱོར་རྣམ་གྲངས་2712ལག་བསྟར་བྱས་པ། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཁེ་ལས་1141ནང་འདྲེན་བྱས་པ། རིམ་རྩིས་བྱས་ན་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་627ལག་བསྟར་བྱས་པ་ལ་སོགས།
     ཁག་དགུ་པ་འདེམས་གཏོང་བྱས་ཚུལ་དང་བསྡུར་ཚེ། ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་གྲུབ་ཆ་ལེགས་སུ་དང་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད། དེའི་ནང“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་མི་སྣ་292གནད་སྨིན་འདེམས་གཏོང་དང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣ་400འདེམས་གཏོང་བྱས་ཡོད།
     “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་སྨན་བཅོས་དང་སློབ་གསོ་སོགས་ཀྱི་ཐད། ཆེད་ལས་ཚན་རྩལ་མི་སྣ་མཁོ་བའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་གསར་གཏོད་ངང་ལག་བསྟར་བྱས་པའི་བོད་སྐྱོར་བྱ་ཐབས་ཤིག་རེད།
     2015ལོར་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དངོས་སུ་འགོ་ཚུགས་ཤིང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་ཁང་མང་པོ་ཞིག་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐད་གཏོགས་སྨན་ཁང་གིས་རྐང་འཛིན་སྨན་པ་བོད་སྐྱོར་བྱེད་པར་མངགས་ཏེ། དེ་སྔའི་སྨན་བཅོས་བོད་སྐྱོར་གྱི་དུས་ཡུན་ཐུང་བ་དང་ཁ་ཐོར་གྱི་རྣམ་པར་འགྱུར་ལྡོག་བཏང་ཡོད།
     སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དང་བོད་ཀྱི་སྨན་དོན་མི་སྣའི་རྒྱུན་མཐུད་འབད་འབུངས་འོག བོད་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་སྟེ། 2021ལོའི་ལོ་མཇུག་བར་བོད་ལ“ནད་ཆེན”ཁག་400ལྷག་ཙམ་བོད་རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”ཁག་2400ལྷག་ཙམ་གྲོང་ཁྱེར་དང་ས་ཁུལ་དུ་སྨན་བཅོས་ཐུབ་ནས། རང་སྐྱོང་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་2015ལོའི་ལོ་68.2ནས་ལོ་72.19བར་རིང་དུ་སོང་ཡོད།
     ལོ་བརྒྱའི་ཇུས་ཆེན་སློབ་གསོར་ཐུག་ཡོད། 2016ལོར་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དངོས་སུ་འགོ་ཚུགས་པ་རེད།
     ཐན་ཅིན་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དགེ་རྒན་གྱིས་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལ་མི་མེད་གནམ་གྲུ་སྒྲིག་བཟོ་དང་འཕྲུལ་མི་བཀོལ་སྤྱོད་སོགས་ཀྱི་ཚན་རྩལ་གསར་གཏོད་སློབ་ཚན་གཉེར་རོགས་བྱས་པ་དང་། ཧྲའན་ཤིས་ཞིང་ཆེན་སོགས་ས་གནས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དགེ་རྒན་གྱིས་རོགས་སྐྱོར་དང་ལེན་གྱི་སློབ་གྲྭ་དང་རོགས་སྐྱོར་བྱེད་མཁན་སློབ་གྲྭའི་དབར་དྲ་ཐོག་སློབ་ཚན་སོགས་ཀྱི་བྱེད་སྒོ་སྤེལ་རོགས་བྱས་པ་ལ་སོགས། སློབ་གསོ་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཚུན། བོད་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་གསོའི་འདུ་ཤེས་དང་། སློབ་ཚན་སློབ་ཁྲིད། དོ་དམ་བྱ་ཐབས་བཅས་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད་ལ། སློབ་མའི་ཕྱོགས་བསྡུས་བྱང་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
     མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན།
     ཁ་གཏད་བོད་སྐྱོར་གྱིས་བོད་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་སྦྱིན་པ་མ་ཟད། དེ་བས་མི་རིགས་མཐུན་སྒྲིལ་གྱི་ངར་སྒྲ་བསྒྲགས་ཡོད།
     ད་ཆ་བོད་སྐྱོར་ལས་དོན་དེ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་དང་ཞིབ་ཚགས་སྤེལ་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུའང་སོང་ཡོད།
     སྙིང་སྟོབས་རྒྱུན་འཛིན་བྱས། ལེའུ་གསར་མུ་མཐུད་བརྩམས།
     2019ལོར་ཀྲུང་གོ་པའོ་ཝུའུ་ཚོགས་པ་ནས་ཡོང་བའི་ཞུས་པོ་ཡིས། ཧྲང་ཧའེ་ཡི་འཚོ་བའི་ཆ་རྐྱེན་ཡག་པོ་དེ་བློས་བཏང་སྟེ་བོད་སྐྱོར་བྱེད་པར་བསྐྱོད་རྒྱུའི་རེ་ཞུ་བྱས། མཐོ་ཞིང་གྲང་ལ་ཐག་རིང་གི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་ཡོང་ནས་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པའི་འགན་འཁུར་ཡོད།
     ཞུས་པོ་ཡིས་བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད། འབྲོང་པ་རྫོང་གིས་སློབ་གསོའི་རྨང་གཞི་དར་རྒྱས་གཏོང་བའི་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་། ལོ་གཉིས་པ་དེར་ས་གནས་དེ་གའི་ཤང་དང་གྲོང་རྡལ་གྱི་སློབ་ཆུང་6ལ་ཚད་ལྡན་གྱི་ལུས་རྩལ་ཐང་བསྐྲུན་པ་དང་སློབ་ཆུང་3གྱི་དཔེ་སྟོན་འཐུང་ཆུའི་འདུ་འགོད་ལེགས་པར་བསྒྲུབས་ཡོད།
     ན་ནིང་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་གནང་བར་ཕེབས་སྐབས། བོད་སྐྱོར་ལས་བྱེད་པའི་འཐུས་མི་ཡིན་པའི་ཞུས་པོ་ཡིས་ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་པ་རེད། “ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ལ། གངས་ལྗོངས་སུ་གཞི་ཚུགས་ནས་ས་མཐོར་ལེགས་སྐྱེས་འབུལ་རྒྱུའི་རང་ཉིད་ཀྱི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་རང་ཉིད་ལ་ལས་དོན་ཁྲོད་འབད་འབུངས་མདུན་སྐྱོད་བྱེད་པའི་སྐུལ་མ་ཐེབས་བྱུང”ཞེས་ཞུས་པོ་ཡིས་བཤད།
     འདི་ལོའི་བོད་སྐྱོར་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བའི་ཞུས་པོ་ཡིས་རང་འགུལ་ངང་བོད་དུ་ལས་སྒྱུར་བྱེད་རྒྱུའི་གདམ་ག་བྱས། ཞུས་པོ་ཡིས་བོད་ལྗོངས་འཕེལ་རྒྱས་གཏོང་བར་མུ་མཐུད་ནུས་ཤུགས་ཕྲན་བུ་འདོན་རྒྱུའི་འདུན་པ་བྱུང་ཞེས་བཤད།
     བོད་སྐྱོར་བྱེད་རིང་རྒྱ་ཆེའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སྦྱོང་བརྡར་ཐེབས་ཡོད་ལ་འཚར་ལོངས་ཀྱང་བྱུང་ཡོད།
     དབྱང་ཧའོ་ཡིས་དེ་སྔ་ཐེན་ཅིན་གྲོང་ཁྱེར་བོད་སྐྱོར་རུ་ཁག་གི་རུ་སྣེ་ཁྲིད་མྱོང་། བོད་དུ་སྡོད་རིང་ཁོང་གིས་དཔལ་འབྱོར་དང་། དམངས་འཚོ། རིག་གནས་སོགས་ལ་བརྟེན་ནས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དར་སྤེལ་བཏང་བར་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད།
     དབྱང་ཧའོ་ཡིས“གངས་ལྗོངས་ས་མཐོར་ལས་ཀ་བྱས་པ་དང་འཚོ་བ་བསྐྱལ་བའི་མྱོང་བ་དང་དེ་བཞིན‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’ཀྱི་ཤུགས་རྐྱེན་བཟང་པོའི་འོག དཀའ་ངལ་འཕྲད་སྐབས་རང་ཉིད་ཀྱི་བློ་རྩ་དེ་བས་བརྟན་དུ་འགྲོ་བ་དང་རྙོག་འཛིང་ཆེ་བའི་གནད་དོན་འཕྲད་སྐབས་རང་ཉིད་ཀྱི་རིག་པ་དེ་བས་གསལ་དུ་འགྲོ་ཡི་འདུག དེ་ནི་ཏང་གཤིས་དང་འཇོན་ཐང་ལ་ཞུན་བརྡར་བྱེད་པར་ཐོབ་དཀའ་བའི་གོ་སྐབས་ཤིག་དང་ས་མཐོར་དམིགས་སུ་ཡོད་པའི་སྙིང་སྟོབས་ཀྱི་གསོལ་རས་ཤིག་རེད”ཅེས་བཤད།
     གཅིག་རྗེས་གཉིས་མཐུད་ངང་གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་གྲུབ་འབྲས་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད་པའི་དུས་རབས་གསར་པའི་ལེའུ་གསར་པ་བརྩམས་ཡོད།
     བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་དཀའ་སྤྱད་འབད་བརྩོན་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་ཕོད་པ་བྱས་ཚེ། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་དང་མཉམ་དུ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།