༄༅།།ཁོས་ལྐོག་རྔན་སྒོར་དུང་ཕྱུར་1.35བླངས་ཡོད།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 08ཚེས་19ཉིན། 14:15】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་8ཚེས་18ཉིན། ནང་སོག་རང་སྐྱོང་ལྗོངས་པ་ཡན་ནོའར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་དང་པོའི་ཐོག་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས། ལེའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཞུའེ་ཧེང་གིས་ལྐོག་རྔན་བླངས་པ་དང་། རང་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་ཞིབ་བྱས་པ་རེད།
ནང་སོག་རང་སྐྱོང་ལྗོངས་པ་ཡན་ནོའར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་པར། 2001ལོ་ནས་2019ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཞུའེ་ཧེང་གིས་ལེའོ་ཉིང་ཞིང་ཆེན་དམངས་སྲིད་ཐིང་གི་ཏང་ཙུའུ་ཁོངས་མི་དང་། ཐིང་ཀྲང་གཞོན་པ། ཏང་ཙུའུ་ཧྲུའུ་ཅི། ཐིང་ཀྲང་། ཏན་ཏུང་གྲོང་ཨུད་ཀྱི་ཧྲུའུ་ཅི། ཡིང་ཁོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི། ལེའོ་ཉིང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་སོགས་འགན་འཁུར་རིང་གོ་གནས་ཐད་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་དང་གནས་ཀྱི་སྟབས་བདེའི་ཆ་རྐྱེནལ་བརྟེན་ནས། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་ཁེ་ལས་གཉེར་སྐྱོང་དང་། ལས་གྲྭ་འགན་ལེན། གོ་གནས་སྤོར་རྒྱུ་ལེགས་སྒྲིག་སོགས་ཀྱི་དོན་ཚན་ཐད་རོགས་རམ་བྱས་ཡོད། 2005ལོ་ནས་2021ལོའི་བར། ཞུའེ་ཧེང་གིས་ཐད་ཀར་རམ་ཡང་ན་གཉེན་ཉེ་བརྒྱུད་ཁྲིམས་འགལ་ངང་མི་གཞན་གྱིས་སྤྲད་པའི་རྒྱུ་ནོར་བླངས་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1.35ལྷག་ཙམ་ཟིན་ཡོད། 2019ལོར། ཞུ་སྦྱོར་ཕྱི་མ་ཞུའེ་ཧེང་ལས་གནས་ནས་བྲལ་རྗེས། དེ་སྔའི་འགན་དབང་དང་གནས་བབ་ཀྱིས་བསྐྲུན་པའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ་མི་གཞན་གྱི་མངགས་བཅོལ་དང་ལེན་བྱས་ནས། རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་གྱི་གོ་གནས་ཐོག་གི་བྱ་སྤྱོད་བརྒྱུད་དེ། མི་གཞན་ལ་རོགས་རམ་བྱས་པ་དང་། རྒྱུ་དངོས་བླངས་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་86. 3ཟིན་ཡོད་པ་རེད། བཅའ་ཁྲིམས་ལྟར་ལྐོག་རྔན་བླངས་པའི་བྱས་ཉེས་དང་ཤུགས་རྐྱེན་ཐེབས་ནུས་ལ་བརྟེན་ནས་ལྐོག་རྔན་ལེན་པའི་བྱས་ཉེས་བསགས་པར་ཉེས་འགན་བདའ་འདེད་བྱས་པ་ཡིན།
ཁྲིམས་སའི་འདྲི་གཅོད་ཁྲོད། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་བ་ཞུའེ་ཧེང་དང་དེའི་དག་འབུད་བྱེད་མཁན་དང་ངོ་ཐུག་ར་སྤྲོད་བྱས། ཁྲིམས་སྦྱོར་དང་དག་འབུད་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་པ་དང་། ཞུའེ་ཧེང་གིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད། ཁྲིམས་རར་ཉེས་པ་ངོས་ལེན་དང་འགྱོད་བཤགས་བྱས་པ་རེད། ཞུའེ་ཧེང་གི་གཉེན་ཉེ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་བཅས་མི་20ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།
ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། ཁྲིམས་རས་ཁྲིམས་ས་འཚོག་མཚམས་བཞག་པ་དང་། དུས་བདམས་ནས་དཔྱད་མཚམས་ཁྱབ་བསྒྲགས་བྱས།
