འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་19ཉིན།

༄༅།།རྒྱུན་མཐུད་འབད་འཐབ་བྱས་པས་བྱེ་བཅོས་དང་ཕྱུག་འགྱུར་གཉིས་ཀར་འབྲས་བཟང་སྨིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་19ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཞོགས་པའི་ཆུ་ཚོད་5པ་ནི་ནམ་ལངས་མ་ཐག་ཡིན་ཞིང་། ཀུའོ་ཞི་ཡིས་ཆུ་གཞོང་རླངས་འཁོར་བཏང་ནས་ཡུལ་མི་ཚོ་དང་མཉམ་དུ་པ་པུའུ་ཧྲ་ནགས་རའི་ལྗོན་ཤིང་ལ་ཆུ་རྒྱག་པར་བསྐྱོད།
   ཝུའུ་ཝེ་གྲོང་ཁྱེར་ཀུའུ་ལང་རྫོང་པ་པུའུ་ཧྲ་ནི་རྨ་ནུབ་བར་ཁྱམས་ཀྱི་ཤར་སྣེ་དང་ཐེང་ཀེ་ལི་བྱེ་ཐང་གི་ལྷོ་སྣེར་གནས་ཤིང་། དེ་གར་ལྷག་པ་ཆེ་ལ་བྱེ་མ་མཐུག་པས་ཐལ་རླུང་ཆེན་པོ་ལྡང་གི་ཡོད། 1981ལོར་ཡུལ་དེས་ཐང་རྒོད་བཅོས་སྐྱོང་བྱེད་འགོ་བཙུགས་པ་དང་། མི་དྲུག་གིས་རང་འགུལ་ངང་བྱེ་གླིང་དུ་བསྐྱོད་དེ་པ་པུའུ་ཧྲ་མཉམ་སྡེབ་ནགས་ར་བཙུགས་པར་ཕྱིས་སུ“རྒད་པོ་དྲུག”ཅེས་བརྗོད་ཀྱི་ཡོད།2019ལོར་ཁོང་ཚོར“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་ཐོབ་པ་རེད། ད་ཆའི་པ་པུའུ་ཧྲ་ནགས་ར་ནི་སྔོན་ཆད་རྩྭ་རྐང་གཅིག་ཀྱང་མི་སྐྱེ་བའི་ཐང་རྒོད་ནས་ཡུལ་དེའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི“དཔག་བསམ་ལྗོན་ཤིང”ལྟ་བུར་གྱུར་བ་རེད།
   སྐབས་དེ་དུས“རྒད་པོ་དྲུག”གིས་དཀའ་ངལ་ཇི་ཙམ་ཆེ་ན་ཡང་། ཁྱིམ་ཚང་རེ་ནས་ཕྲུ་གུ་གཅིག་གིས་བྱ་བ་དེའི་ཤུལ་འཛིན་དགོས་པའི་ཁ་ཆད་བྱས། ཀུའོ་ཞིས་ནི་བྱ་བ་གང་དེའི་རྒྱུན་འཛིན་མཁན་མི་རབས་གསུམ་པ་རེད།
   ད་ཕན་ལོ་ཤས་རིང་། ཀུའོ་ཞི་ཡིས་བྱེ་བཅོས་ནགས་བཟོའི་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང་ལག་རྩལ་གསར་པ་སྤྱད་དེ་ཤིང་འཛུགས་རྩྭ་འདེབས་ཀྱི་གསོན་ཚད་མཐོ་རུ་བཏང་བ་རེད། ཀུའོ་ཞིས་ཀྱིས་བྱེ་ཐང་ནས་ཕན་འབྲས་ཐོན་རྒྱུར་བསམ་གཞིག་བྱས་ཏེ། པ་པུའུ་ཧྲ་ཡི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཇུས་འགོད་བྱས་པར་བྱེ་བཅོས་དང་ཕྱུག་འགྱུར་གཉིས་ཀར་འབྲས་བཟང་སྨིན་པ་རེད།
   ལོ་41རིང་མི་རབས་གསུམ་གྱིས་འབད་བརྩོན་བྱས་པ་བརྒྱུད། པ་པུའུ་ཧྲ་ནགས་རར་བྱེ་བཅོས་ནགས་གསོ་མུའུ་ཁྲི་25.7བྱས་ཟིན་པ་དང་། བྱེ་འགོག་ནགས་གསོའི་རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་43བཏབ་པ། མཐའ་འཁོར་གྱི་ཞིང་ཁ་མུའུ་ཁྲི་10ལ་སྲུང་སྐྱོང་བཅས་བྱས་པ་ལས། རྫོང་ཡོངས་ཀྱི་བྱེ་ཐང་ས་མཚམས་སྤྱི་ལེ་20ལྷག་ཙམ་ཐུང་དུ་ཕྱིན་ཡོད། “ངས་མུ་མཐུད་པ་པུའུ་ཧྲ་བརྟན་པོར་བསྲུངས་ཏེ་བྱེ་ཐང་དེ་བས་མང་བ་སྔོ་གླིང་དུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་ཀུའོ་ཞི་ཡིས་བཤད།