འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་18ཉིན།

༄༅།།ཕེ་ལུའོ་ཞི་ཐའེ་ཝན་དུ་བསྐྱོད་པའི་ཐད་ཕུའུ་ཅིང་གིས་ལྟ་སྟངས་བཤད་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་18ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པ་ཞིག་གིས་དྲི་བ་བཏོན་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་16ཉིན་ཕུའུ་ཅིང་མོ་སི་ཁོ་རྒྱལ་སྤྱིའི་བདེ་འཇགས་ཚོགས་འདུ་སྐབས་བཅུ་པར་ཞུགས་དུས། ཕེ་ལུའོ་ཞི་ཐའེ་ཝན་ལ་ཕྱོགས་མྱུལ་ངན་འབྲེལ་དུ་བསྐྱོད་པ་དེ་ནི་འགན་མི་འཁུར་བའི་སྲིད་འཚོང་བ་ཞིག་གི་ཧོལ་རྒྱུག་བྱ་སྤྱོད་ཁོ་ན་ཞིག་མ་ཡིན་པར། ཞིབ་མོའི་བློ་ཡིས་ཇུས་འགོད་བྱས་པའི་འཁྲུག་རྐྱེན་བསླངས་པ་ཞིག་རེད། དེ་ནི་ཨ་རིས་རྐང་བཙུགས་ནས་ས་ཁུལ་དང་འཛམ་གླིང་གི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་ཟང་ཟིང་གི་འཐབ་ཇུས་བཟོ་བའི་གྲུབ་ཆ་ཞིག་ཡིན་པ་དང་། ཨ་རིས་རྒྱལ་ཁབ་གཞན་གྱི་བདག་དབང་ལ་བརྩི་འཇོག་མི་བྱེད་པ་དང་རང་ཉིད་ཀྱི་རྒྱལ་སྤྱིའི་འགན་འཁྲི་སྣང་མེད་དུ་གཏོང་བའི་ཁེངས་དྲེགས་ཀྱི་མཚོན་ཚུལ་ཞིག་རེད། ཨ་རིས་འཛམ་གླིང་ཁ་ལོ་སྒྱུར་དབང་གི་གོ་བབ་སྲུང་འཛིན་བྱ་རྒྱུའི་རེ་ངན་བཅངས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རང་གི་རྒྱལ་ནང་གི་འགལ་བ་དང་གནད་དོན་ཨུ་རུ་སུ་དང་ཀྲུང་གོ་གཉིས་ལ་ཁག་དཀྲི་བྱས་ཏེ་རྒྱལ་ནང་གི་མང་ཚོགས་ཀྱི་དོ་སྣང་བྱེད་ཕྱོགས་སྒྱུར་ཐབས་བྱེད་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བྱང་ཆིངས་སོགས་དམག་དོན་མནའ་འབྲེལ་མ་ལག་ཨེ་ཤ་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་བྱང་ཆིངས་བཟོ་རྩིས་ཡོད་ཅེས་བཤད་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།  
     ཝང་ཝུན་པིན་གྱིས། ཙུང་ཐུང་ཕུའུ་ཅིང་གི་ལྟ་སྟངས་ལ་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡོད། ཨ་རིའི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཞི་ཐའེ་ཝན་ལ་ཕྱོགས་མྱུལ་ངན་འབྲེལ་དུ་བསྐྱོད་པ་ནས་བཟུང་། རྒྱལ་ཁབ་170ལྷག་ཙམ་གྱིས་དྲང་བདེན་གྱི་འབོད་སྒྲ་བསྒྲགས་ནས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་བསྒྲགས་བྱས་པ་རེད། ཁྱེད་ཀྱིས་གླེང་བའི་ཙུང་ཐུང་ཕུའུ་ཅིང་གི་ལྟ་སྟངས་གསར་ཤོས་དེ་ནི་ཀྲུང་ཨུའི་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་ཀྱི་མཚོན་ཚུལ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་མཚོན་ཚུལ་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱས་ནས་ས་ཁུལ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བཤད་པ་རེད།