འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་18ཉིན།

༄༅།།“ཐའེ་ཝན་རང་བཙན་”གྱི་ངན་རེངས་པར་བཀག་སྡོམ་བྱས་པ་དེ་གོ་མི་ཆོད་ཟེར་བའི་ཐད་ཀྱི་ལན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་18ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། གསར་འགོད་པས་དྲི་བ་བཏོན་དོན། གནས་ཚུལ་སྤེལ་བར་གཞིགས་ན། སྐམ་ས་ཆེན་མོས“ཐའེ་ཝན་རང་བཙན”གྱི་ངན་རེངས་པ་ཁག་གསར་པའི་གསལ་ཐོ་དང་དེ་བཞིན་དེ་དག་ལ་བཀག་སྡོམ་བྱ་ཐབས་ཁྱབ་བསྒྲགས་བྱས་རྗེས། ཐའེ་ཝན་སྐམ་ས་ཨུ་ལྷན་གྱིས“ངོགས་གཉིས་ཕན་ཚུན་ཁོངས་གཅིག་ལ་མི་གཏོགས་པས་བཀག་སྡོམ་དེ་ཁྲིམས་འགལ་ཡིན་པས་གོ་མི་ཆོད་”ཞེས་བཤད་པ་མ་ཟད། ད་དུང་དོན་རྐྱེན་གྱི་འཕེལ་ཚུལ་ལ་དཔྱད་དཔོད་བྱ་རྒྱུ་དང་། དུས་ཐོག་ཏུ་དགོས་ངེས་ཀྱི་ཁ་གཏད་བྱ་རྒྱུ་དང་དོགས་ཟོན་བྱ་ཐབས་སྤྱོད་རྒྱུར་ཞིབ་འཇུག་དང་གྲོས་བསྡུར་ཡང་བྱ་རྒྱུ་ཡིན་བརྗོད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
   མཱ་ཞའོ་ཀོང་གིས། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན། རྒྱལ་ཁབ་ཀྱིས་“ཐའེ་ཝན་རང་བཙན་”གྱི་ངན་རེངས་པར་ཆད་གཅོད་བསླབ་འདོམས་བྱེད་ཐབས་སྤྱོད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གང་ལེགས་ཡོད། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་ཚང་མ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་བཀག་སྡོམ་བྱ་རྒྱུ་ལས་གཡོལ་ཐབས་མེད་ཅེས་བསྟན། 
   མཱ་ཞའོ་ཀོང་གིས་དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་དང“ཐའེ་ཝན་རང་བཙན”གྱི་ངན་རེངས་པ་མི་ཉུང་ཤས་ཤིག་གིས་ངོགས་གཉིས་ཀྱི་འབྲེལ་བར་རྐང་བཙུགས་ནས་གཏོར་བཤིག་གཏོང་བ་དང་། ཕེ་ལུའོ་ཞི་དང་ཨ་རིའི་གྲོས་མིས་ཐའེ་ཝན་དུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་སྐུལ་འདེད་ཡང་ཡང་གཏོང་བ། ཕྱི་ཕྱོགས་སྟོབས་ཤུགས་དང་ངན་འབྲེལ་བྱས་ནས“རང་བཙན”ཆེད་དུ་འཁྲུག་རྐྱེན་སློང་བ་བཅས་བྱེད་པ་ནི་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་མཁན་ཉེས་ཅན་གཏེ་པོ་ཞིག་རེད། “ཐའེ་ཝན་རང་བཙན”གྱི་ངན་རེངས་པར་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་བཀག་འགོག་བྱ་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་བྱ་སྤྱོད་ཅིག་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགོས་ངེས།  ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན་པས་རྦད་དེ་ཚུལ་མཐུན་དང་། ལུགས་མཐུན། ཁྲིམས་མཐུན་བཅས་ཡིན། གལ་ཏེ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་འཕེལ་ཕྱོགས་ཆེན་པོ་དང་དྲང་བདེན་དང་འགལ་ནས།“ཐའེ་ཝན་རང་བཙན”གྱི་ངན་རེངས་པས་འཁྲུག་རྐྱེན་སློང་བ་དང་ཐ་ན་ངོ་རྒོལ་མཐའ་འཁྱོལ་བ་བྱེད་པར་རྒྱ་ཡན་དུ་གཏོང་བ་ཡིན་ན། ང་ཚོས་སྔར་བས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་རྒྱུ་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ངན་ཇུས་ཚང་མ་ཕམ་ཉེས་སུ་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།