འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་18ཉིན།

༄༅།།ཀྲུང་གོའི་ཕུགས་འདུན་གྱི་ཡུན་ནན་གྱི་ལེའུ་ཡག་པོ་བརྩམས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་18ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཡུན་ནན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་མངགས་བཅོལ་ཟབ་མོ་དང་དུས་རབས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། ཡུན་ནན་འདི་ཉིད་ལོ་རྒྱུས་རང་བཞིན་གྱི་ལོ་ངོ་སྟོང་ཕྲག་མང་པོར་དཀའ་ངལ་བཟོས་པའི་དབུལ་པོ་དབུལ་རྐྱང་ལས་གྲོལ་ནས་རང་བྱུང་ཁོར་ཡུག་དང་ཆབ་སྲིད་ཁོར་ཡུག་གི“རི་སྔོན་ཆུ་དྭངས”བསྐྱར་དུ་བཏོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གདོང་དམག ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཨེ་ཤེ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་བཅས་སུ་ཧུར་ཐག་གྱུར་བར་བྱས་ནས་ཀྲུང་གོའི་ཕུགས་འདུན་གྱི་ཡུན་ནན་གྱི་ལེའུ་ཡག་པོ་ཞིག་བརྩམས་ཡོད།
     རྣམ་པའི་འགྱུར་ལྡོག
     དབུལ་ཞྭ་ཕུད་ནས་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པ།
     ལོ་10ཡི་རིང་། ཡུན་ནན་གྱི་འཕོ་འགྱུར་ཆེ་ཤོས་ནི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་བྱུང་བ་ཞིག་རེད། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས། ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་933ཚང་མ་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་8502ཚང་མ་དབུལ་སྒྲོལ་ཐུབ་པ། རྫོང་དབུལ་པོ་88ཚང་མ་དབུལ་ཞྭ་ཕུད་པ། “ཐད་སྒྲོལ་མི་རིགས”11དང་མི་འབོར་ཉུང་བའི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་བཅས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ངོ་མཚར་ཆེ་བའི་ཡུན་ནན་གྱི་ལེའུ་བརྩམས་པ་རེད།
     གསར་འགོད་པ་ཆུས་ཅིང་གྲོང་ཁྱེར་ཧྥུའུ་ཡོན་ཅིན་ཧྥེ་འཁོར་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིར་སྐྱོད་སྐབས་ཐོན་སྐྱེད་འཁོར་ཁང་68ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཐོན་སྐྱེད་འཁོར་ཁང་རེར་སྐར་མ་4ཡི་ནང་ཧ་ལྕགས་མཉམ་བསྲེས་ཀྱི་ཧ་ཡང་འཁོར་ལོ་རེ་བཟོ་ཡི་ཡོད། ན་ནིང་ཀུང་སིའི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་24ལྷག་ཙམ་ཟིན་པ་དང་། མི་གྲངས་1700ལྷག་ཙམ་ལས་ཞུགས་ཐུབ་ཡོད། ཀུང་སིའི་ཏུང་ཧྲི་ཀྲང་ཀྲའོ་ཁོ་ཡིས་ཀྲེ་ཅང་ཅིན་ཧྭ་ཡི་ཅིན་ཧྥེ་མ་རྐང་ཚོད་འཛིན་ཚོགས་པས་2015ལོ་ནས་བཟུང་ཧྥུའུ་ཡོན་དུ་མ་དངུལ་གཏོང་འགོ་ཚུགས་པ་དང་ད་བར་རྣམ་གྲངས་5ལ་མ་དངུལ་བཏང་བས་ཧྥུའུ་ཡོན་དེ་ཉིད་ཅིན་ཧྥེ་ཡི་བཟོ་སྐྲུན་ལྟེ་གནས་ཆེ་གྲས་གཉིས་པར་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཡུན་ནན་དུ་རི་སྔོན་ཆུ་དྭངས་ཤིང་། ཉི་འོད་རབ་ཏུ་འཚེར་ལ། ནུས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པས་2020ལོར་ལྗང་མདོག་ནུས་རྒྱུའི་ཐོན་ལས་དེ་ཞིང་ཆེན་ཡོངས་ཀྱི་ཀ་རྟེན་ཐོན་ལས་ཨང་དང་པོར་གྱུར་ཡོད། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅན་ཤིན་གྱིས་ཞིང་ཆེན་གྱིས་ལྗང་མདོག་ཧ་ཡང་དང་ཀུའེ་ཐོན་ལས་ཚོགས་སྤྱི་བཏོད་དེ་ཀྲུང་གོའི་ལྗང་མདོག་ཧ་ཡང་དང་འོད་ཤུགས་ཀྱི་གྲོང་ཁྱེར་བསྐྲུན་པ་དེས“རང་རྒྱལ་གྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ལ་ཕན་པ་ཡོད་ལ་ཡུན་ནན་གྱི་དཔལ་འབྱོར་འཕར་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད”ཅེས་ངོ་སྤྲོད་བྱས་པ་རེད།
     “མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས”ཞེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་གནང་བའི་མངགས་བཅོལ་ཟབ་མོ་དང་བླང་བྱ་གསལ་པོ་ཞིག་རེད། 2012ལོ་ནས་2021ལོའི་བར་ཡུན་ནན་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.1ནས་སྒོར་དུང་ཕྱུར་ཁྲི་2.71བར་འཕར་ནས་རྒྱལ་ཡོངས་ཀྱི་ཨང་རིམ་24པ་ནས་ཨང་18པར་སླེབས་ཡོད། འགོ་འཛུགས་ས་གསར་པའི་ཐོག་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་པ་དང་དེའི་སྟོབས་ཤུགས་གྲུབ་ཡོད།
     བཀོད་པའི་འགྱུར་ལྡོག
     རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཉམ་འདྲེས་དང་དེར་ཞབས་འདེགས་ཞུས་པ།
     ཁུན་མིང་དང་མོ་ཧན་གཉིས་ནི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་ནང་དུམ་བུའི་སྣེ་གཉིས་ཡིན། 2021ལོའི་ཟླ་12ཚེས་3ཉིན“རྒྱུད་གཅིག་ལམ་གཅིག”གི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་སྟེ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཡུན་ནན་འདི་ཉིད་སླར་ཡང་སྒོ་དབྱེའི་མདུན་གྲལ་དུ་སླེབས། མཐའ་མཚམས་ཀྱི་སྣེ་མོ་ནས་སྒོ་དབྱེའི་འཐབ་ས་དང་པོའི་བར་ནི་ཡུན་ནན་གྱི་འབད་འབུངས་དོན་གཉེར་བྱ་ཡུལ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། འགྱུར་ལྡོག་དེ་ཇེ་བརྟན་དུ་སོང་ཡོད། སྐམ་སའི་འགྲིམ་འགྲུལ་ཐད་ནས་བལྟས་ན། ཡུན་ནན་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་1ལྷག་ཙམ་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། མྱུར་བགྲོད་ལྕགས་ལམ་མེད་པ་ནས་ཡོད་པ་དང་། ལྕགས་ལམ་གྱི་ལམ་ཐག་སྤྱི་ལེ་4741ཟིན་པ། ཀྲོའུ(གྲོང་ཁྱེར)16གི་ཕྱེད་ཀར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་ཚུན་འགྲུལ་ཟོག་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་རུ་ཕྱིན་ནས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་554དང་དངོས་ཟོག་ཏུན་ཁྲི་600སྐྱེལ་འདྲེན་བྱས་ཡོད་པ་རེད།
     གྲངས་གཞི་དེ་དག་ལས་ཡུན་ནན་གྱི་ཕྱི་ཕྱོགས་སུ“ཁྱབ་འགྱེད་ནུས་པ”ཆེ་རུ་ཕྱིན་པ་གསལ་བཤད་ཐུབ། ཡུན་ནན་ནི་ལྷོ་ནུབ་མཐའ་མཚམས་སུ་གནས་མོད། འོན་ཀྱང“ས་བབ་ཀྱི་ལེགས་ཆ་ཡོད་པ་དང་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་གཏོང་དགོས་པས”རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་མཉམ་འདྲེས་དང་ཞབས་འདེགས་ཞུས་ནས་འགན་འཁྲི་འཁུར་ཕོད་པ་བྱས་ཚེ་གཞི་ནས་མྱུར་ཚད་མགྱོགས་སུ་ཕྱིན་ནས་བཀོད་པ་གསར་པ་གཏོད་ཐུབ།
     “སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གདོང་དམག”ཏུ་ཧུར་ཐག་གྱུར་བ་དང“ལྷོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་གཅད་བརྟན་པོ་བསྐྲུན་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཡུན་ནན་གྱིས་གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི“སྲུང་སྐྱོབ་དམག་འཐབ་ཆེན་པོ་གསུམ”ཡག་པོ་བརྒྱབ་ནས་ས་མཐོའི་མཚེའུ་ཆེ་གྲས་དགུ་སྲུང་སྐྱོང་བཅོས་སྐྱོང་དང་འབྲི་ཆུ་གཙོ་བོར་བྱས་པའི་ཆུ་རྒྱུད་ཆེན་པོ་དྲུག་སྲུང་སྐྱོང་ཉམས་གསོ་སོགས་གཙོ་གནད་ལས་དོན་8ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་པ་རེད།
     ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་ཁོངས་ཧྲིལ་པོ་འཛུགས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རེས་སྐོར་གསུམ་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི“རྫོང་བཅུ་དང་། ཤང་བརྒྱ། གྲོང་ཚོ་སྟོང་། དུད་ཚང་ཁྲི”འཛུགས་གཏོད་ཀྱི་ལས་གྲྭ་ལག་ལེན་བསྟར་ཞིང་། མིག་སྔར་ཞིང་ཆེན་དེ་ཡོངས་ཀྱི་ཀྲོའུ(གྲོང་ཁྱེར)11དང་ཚན་པ་84ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པར་མིང་བཏགས་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
     རྣམ་འགྱུར་འགྱུར་ལྡོག
     སྤྱོད་ཚུལ་དང་ནུས་ཕྱོད་ལ་འགྱུར་ལྡོག་གཏོང་བའི་གསར་བརྗེ་ཞིག་བྱས་པ།
     ཡུན་ནན་ནི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོའི་གྲས་ཤིག་ཡིན། དབུལ་པོ་ཁྱབ་ཁྱོན་ཆེ་བ་དང་། མི་འབོར་དབུལ་པོ་མང་བ། དབུལ་པོར་གྱུར་ཚད་མཐོ་བ་བཅས་ཡོད་པས། འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་པར་ངར་ཤུགས་དང་སེམས་ཤུགས་ཆེན་པོ་ཞིག་མེད་ན་མི་འགྲིག སྒུག་པ་ནི་ཐབས་ཤེས་ཤིག་མིན་པས། བསྒྲུབས་ཚེ་གཞི་ནས་རེ་བ་ཡོད། ལས་བྱེད་པ་དང་མང་ཚོགས་ཀྱིས་སྒུག་རྟེན་མི་བྱེད་པར་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་ལ། རྒྱ་མོ་རྔུལ་ཆུའི“རྒྱབ་ཁུག་གི་སྙིང་སྟོབས”ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་དཀའ་ངལ་ཁྱད་བསད་དང་དམག་འཐབ་བྱེད་ཕོད་པ་བྱས་ཡོད། ཞིང་ཆེན་དེ་ཡོངས་ཀྱི་དབུལ་སྐྱོར་ལམ་བུའི་ཐོག་གྲོངས་པའི་ཕུལ་བྱུང་ལས་བྱེད་པ་100ལྷག་ཙམ་གྱིས་ཚང་མར་མུ་མཐུད་འབད་འཐབ་བྱེད་པར་ལྕག་སྐུལ་བྱས་ཡོད།
     ལས་བྱེད་པའི་ལས་ཀ་བྱེད་སྟངས་ནི་ཆབ་སྲིད་ཁོར་ཡུག་གི་མཚོན་སྟངས་ཤིག་ཡིན། བསམ་པའི་འཁྱེར་སོ་བཟང་པོ་ནི་ཆབ་སྲིད་ཁོར་ཡུག་གི་རི་སྔོན་ཆུ་དྭངས་ལྟ་བུ་ཡིན་པར་བརྟེན། ལས་སྒྲུབ་དང་ལས་གཏོད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཐུབ། དཀའ་བའི་བྲག་ལ་འཛེགས་ན་བདེ་བའི་སྤང་ལ་སླེབས་པ་བཞིན། ཡུན་ནན་གྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁྲག་ཏུ་བརྟན་པོར་ཁུར་ནས་ཆབ་སྲིད་ཀྱི་ཁོར་ཡུག“ཟང་ཟིང”ནས་“བཅོས་སྐྱོང”བར་དང་། “ཉག་ཉོག”ནས“དྭངས་གཙང”བར་འགྱུར་ལྡོག་ཆེན་པོ་ཞིག་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད།