འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་18ཉིན།

༄༅།།གངས་ལྗོངས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་ཆེད་དུ།

—— སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལོ་7གྱི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་18ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཧྲང་ཧའེ་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བརྒྱད་པའི་རུ་མི་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་རེན་ཅི་སྨན་ཁང་གི་གཅིན་ལམ་ནད་སྡེ་ཁག་གི་སྨན་རམས་པ་གཞོན་པ་ཤོན་ཧན་ཆིང་གིས་སྐབས་གོང་མའི་གཅིན་ལམ་ནད་སྡེ་ཁག་གི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་རྨང་གཞིའི་ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཅིན་ལམ་ནད་སྡེ་ཁག་ལ་རེས་སྐོར་གསར་པའི“སྡེ་ཁག་འགན་གཙང་གི་ཁ་གཏད་རོགས་སྐྱོར”བྱེད་འགོ་བཙུགས་པ་རེད།
    “སྨན་ཁང་གིས་སྡེ་ཁག་འགན་གཙང་ལེན་པ”དང་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”འདེམས་གཏོང་བྱ་ཐབས་དེ་2015ལོའི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནས་སྤྱོད་འགོ་ཚུགས་པ་ཞིག་རེད། བྱ་ཐབས་དེས་དེ་སྔོན་སྨན་བཅོས་བོད་སྐྱོར་དུས་ཐུང་ཁ་ཐོར་གྱི་གནས་ཚུལ་ལ་འགྱུར་ལྡོག་བཏང་བ་དང་། རྒྱུན་ཆད་མེད་པའི་སྨན་བཅོས་ཤེས་ལྡན་མི་སྣའི་སྟོབས་ཤུགས་ལ་བརྟེན་ནས་ཚོགས་པའི་ལེགས་ཆར་གྱུར་བ་དང་སྤྱི་ཡོངས་ཀྱི་ཕན་འབྲས་ཐོན་ནས་གངས་ལྗོངས་ས་མཐོར་ཆུ་ཚད་མཐོ་བའི་སྨན་བཅོས་དཔུང་ཁག་ཅིག་གཏོད་པ་དང་ལག་རྩལ་ལྡན་ལ་ནུས་པ་ཆེ་བའི་སྨན་ཁང་ཁག་གཅིག་སྐྱེད་སྲིང་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོར་རང་ཁྱིམ་གྱི་སྒོ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་པ་རེད།
   བོད་སྐྱོར་ལོ་3རིང་པེ་ཅིང་མཛའ་གྲོཌ་སྨན་ཁང་གི་བོད་སྐྱོར་ལས་བྱེད་པ་དང་པེ་ཅིང་གྲོང་ཁྱེར་གྱི“ཚོཌ་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བདུན་པའི་རུ་དཔོན་སུན་ཧྲུའུ་ཞུའེ་ཡིས་པེ་ཅིང་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དང་མཐུན་སྦྱོར་བྱས་ནས་རུས་ནད་ཚན་ཁག་དང་། དབང་རྩའི་ཁོག་ནད་སྡེ་ཁག དབུགས་ལམ་སྡེ་ཁག དབང་རྩའི་ཕྱི་ནད་སྡེ་ཁག སྤྱིར་བཏང་གི་ཕྱི་ནད་སྡེ་ཁག་བཅས་5མང་དུ་བཏང་སྟེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི“སྨན་ཁང་གིས་སྡེ་ཁག་འགན་གཙང་ལེན་པའི”སྡེ་ཁག་9བར་མང་དུ་བཏང་བ་རེད།
    བྱེད་སྟངས་གསར་པ་ལས་འགྱུར་ལྡོག་གསར་པ་བྱུང་བ། རིག་ཚན་འཛུགས་སྐྱོང་དང་སྨན་བཅོས་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་མང་པོ་ལག་ལེན་བསྟར་ཡོད། ས་གནས་འདི་གའི་སྨན་པ་མང་པོ་ཞིག་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི“བརྒྱུད་རོགས་ཁྲིད”གསུམ་བྱས་པ་བརྒྱུད། རང་རྐྱ་འཕེར་ནས་དོད་དྲག་རང་བཞིན་གྱི་སྙིང་རྩ་འགག་པའི་གཤག་བཅོས་སོགས་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་འབོར་ཆེན་བྱེད་ཐུབ་ཀྱི་ཡོད།
    “དེ་སྔ་སྨན་བཅོས་བོད་སྐྱོར་ཅུང་ཁ་ཐོར་ཡིན་པ་དང་སྨན་ཁང་ཚང་མར་བོད་སྐྱོར་སྨན་པ་བཞི་ལྔ་ཙམ་ལས་མེད་པས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིག་ཚན་འཛུགས་སྐྱོང་ཐད་མཉམ་ཤུགས་ཤིག་ཆགས་ཐུབ་མེད། སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་གྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་བོད་ཀྱི་སྨན་བཅོས་འབྲེལ་བ་ལེགས་སུ་བཏང་བ་དང་། དུས་མཚམས་རང་བཞིན་གྱི་རོགས་སྐྱོར་བྱས་པ་བརྒྱུད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིག་ཚན་འཛུགས་སྐྱོང་རྒྱུན་མི་ཆད་པའི་འགན་ལེན་བྱས་པས་སྨན་བཅོས་དཔུང་ཁག་གི་བྱང་ཚད་དང་ཚན་ཞིབ་ནུས་པ་ཆེ་རུ་ཕྱིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཁ་གཏད་རོགས་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ཁོང་ཞུའེ་ལེན་གྱིས་བཤད།
    གྲངས་གཞི་ལས་མངོན་པར། 2022ལོའི་ལོ་སྟོད་བར་མེས་རྒྱལ་ས་གནས་ཁག་ནས་ཡོང་བའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཁག་ཐེངས་7པའི་ཤེས་ལྡན་མི་སྣ་1300ལྷག་ཙམ་གྱིས“ཚོགས་པས་ཚོགས་པ་ཁྲིད་པ་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་ཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”བཅས་ཀྱི་བྱེད་སྟངས་བརྒྱུད་བོད་ལ་རིམ་པ་མི་འདྲ་བའི་སྨན་བཅོས་རྐང་འཛིན་པ་2400ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་བོད་ཀྱི་རིམ་ཁག་སྨན་ཁང་གིས་ས་གནས་དེ་གའི་སྨན་དོན་མི་སྣ་1800ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཚན་པར་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་བཏང་བ་རེད། ནང་སའི་སྨན་པ་ནང་འདྲེན་དང་བོད་ཀྱི་སྨན་པ་ཕྱིར་གཏོང་བྱེད་སྟངས་གཉིས་མཉམ་སྤྱོད་ཀྱིས་གངས་ལྗོངས་ས་མཐོའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུར་རམ་འདེགས་བྱས་ཡོད།
    2021ལོའི་ལོ་མཇུག་བར་བོད་དུ“ནད་ཆེན”400ལྷག་ཙམ་རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང“ནད་འབྲིང”2400ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་ནས་སྨན་བཅོས་ཐུབ་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་2015ལོའི་ལོ་68.2ནས་ལོ་72.19བར་རིང་དུ་ཕྱིན་ཡོད་པ་རེད།
    གྲངས་འཛིན་ཅན་གྱི་ཚ་རླབས་འོག་རྒྱང་ཁྲིད་སྨན་བཅོས་དེ་ལས་རྣམ་པ་གསར་པ་ཞིག་ཏུ་གྱུར་ནས་བོད་ཀྱི་ནད་པར་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤུས་ལེགས་སྨན་བཅོས་ཞབས་ཞུ་དུས་གཅིག་ཏུ་ལོངས་སྤྱོད་ཐུབ་ཡོད། 2020ལོའི་ཟླ་5པར་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་འབད་བརྩོན་འོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་བོད་ལྗོངས་ལེན་ཐུང་ཀུང་སིས་བོད་ཀྱི་5Gརིག་ལྡན་སྨན་བཅོས་མཉམ་འབྲེལ་ཚོད་ལྟ་ཁང་ཐོག་མ་དེ་བཙུགས་པ་དང་2020ལོའི་ཟླ་12ཚེས་11ཉིན་ལྗོངས་ཡོངས་ཀྱི་5Gརིག་ལྡན་སྨན་བཅོས་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ཐོག་མ་དེ་བྱས་པ་རེད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པས་5Gབརྙན་ལམ་མ་ལག་བརྒྱུད་པེ་ཅིང་མཛའ་གྲོགས་སྨན་ཁང་གི་རིགས་གཅིག་མཁས་ཅན་ལ་ནད་ཚབས་ལྕི་བའི་གཤེར་མའི་གཉན་ཚད་ཕོག་པའི་ནད་པ་ཞིག་གི་ལྷན་འཛོམས་ནད་དཔྱད་བརྒྱུད་རིམ་དང་ནད་དཔྱད་དཀའ་གནད་ངོ་སྤྲོད་བྱས། མཛུབ་ཁྲིད་བསམ་འཆར་གཞིར་བཟུང་གོམ་སྟབས་རྗེས་མའི་སྨན་བཅོས་ཇུས་གཞི་བཟོས་པ་རེད།
    ལོ་བདུན་རིང་འབད་བརྩོན་ལྷོད་མེད་བྱས་པས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་དང་ཐོན་ཁུངས་དེ་ཐོག་མའི་དུས་ཀྱི“1+7”སྨན་ཁང་ལ་མངགས་གཏོང་བྱས་པ་ནས་ད་ཆ་བོད་ཀྱི་རྫོང་རིམ་པའི་མི་དམངས་སྨན་ཁང་13ལ་སྣུར་སྲིང་བྱས་པ་རེད། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤུས་ལེགས་ཐོན་ཁུངས་རིམ་པ་བཞིན་བོད་ཀྱི་གཞི་རིམ་དུ་ཁྱབ་པའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་ཡོད།