༄༅།།ས་མཐོར་བརྩེ་སེམས་བཅངས་ནས་སློབ་མ་མང་པོ་བསྐྱངས་པ།
—— སློབ་གསོའི་བོད་སྐྱོར་ལས་དོན་སྐོར་རགས་ཙམ་བཀོད་པ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 08ཚེས་18ཉིན། 10:22】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ལོའི་མཐོ་རྒྱུགས་སྐབས། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་གྲྭའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད་པ་སྟེ། དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་62.43%དང་། གཙོ་གནད་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་26.47%ཟིན་ཏེ་2019ལོ་ལས་15.91%དང་14.51%སོ་སོར་འཕར་ཡོད་པ་རེད།
སྦྱངས་འབྲས་དེ་དག་ཐོབ་པར་སློབ་གསོའི་བོད་སྐྱོར་གྱི་ལས་དོན་དང་ཁ་འབྲལ་ཐབས་མེད། ལོ་གསུམ་གྱི་འགྱུར་ལྡོག་ལ་དཔང་པོ་བྱེད་མཁན་ཞིག་ཡིན་པའི་ལི་མིན་ལ་སྐད་ཆ་ཤོད་དབང་ཆེན་པོ་ཡོད། 2019ལོའི་ཟླ་7པར་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། ཁོང་ཨན་ཧུའེ་ཞིང་ཆེན་ཁྲའོ་ཧུའུ་གྲོང་ཁྱེར་སློབ་འབྲིང་གཉིས་པ་ནས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཡོང་སྟེ་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་སྤྱིའི་འགན་ཁུར་ནས་ལོ་གསུམ་གྱི་བོད་སྐྱོར་ལས་དོན་སྒྲུབ་འགོ་བརྩམས།
ཁོང་སླེབས་པའི་སློབ་གྲྭའི་སློབ་གསོ་དེ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དང་ཧེ་བག་ཡོད་པ་ཤེས་རྗེས། ལི་མིན་དང་བོད་སྐྱོར་ཚོགས་པའི་ཁོངས་མིས་སློབ་ཁྲིད་གཤམ་སྤེལ་དང་། བར་སྣང་སློབ་ཁང་། མཐོ་རྒྱུགས་ཐོལ་བརྒལ། སློབ་མའི་སྦྱངས་འབྲས་ཀྱི་ཡིག་ཚགས་དང་གཱ་བཟོ་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་མར་དོགས་གནད་དང་ཞན་ཆ་སེལ་བ་དང་ཆབས་ཅིག་གཅིག་སྡུད་སློབ་ཁྲིད་གྲ་སྒྲིག་དང་ཞིབ་འཇུག་དང་། དེ་གའི་དགེ་རྒན་དང་དགེ་སློབ་ཆ་སྒྲིག དགེ་རྒན་འདུ་ཚོགས་སོགས་ཀྱི་བྱེད་སྒོ་བརྒྱུད་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་དགེ་རྒན་གྱི་རང་བརྟེན་སློབ་ཁྲིད་ནུས་པ་ཆེ་རུ་བཏང་ཡོད།
“ལོ་གསུམ་རིང་སློབ་གྲྭར་ཡར་རྒྱས་བྱུང་བ་རང་རེའི་དེ་སྔའི་དགེ་རྒན་ཚོས་བཏིང་བའི་རྨང་གཞི་དང་ཁ་འབྲལ་ཐབས་མེད”ཅེས་ལི་མིན་གྱིས་བཤད་པ་དང་། ཁོང་གིས་དེ་ནི་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལམ་སྲོལ་ལ་བརྟེན་ནས་བོད་སྐྱོར་དགེ་རྒན་མང་པོ་རྒྱུན་ཆད་མེད་པར་ཡོང་སྟེ་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་རྨང་གཞིའི་སློབ་གསོ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བཤད།
2016ལོར་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་འགོ་ཚུགས་པ་དེ་ཐོག་ནས་སློབ་གསོའི་བོད་སྐྱོར་དེ་སྔོན་མའི་ཁ་ཐོར་དང་དུས་ཐུང་གི་རོགས་སྐྱོར་ནས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ཁྱོན་ཡོངས་ནས་རོགས་སྐྲུན་བྱེད་པའི་བར་འགྱུར་ལྡོག་བྱུང་བ་མཚོན་ཡོད། ཞིང་ཆེན་དང་གྲོང་ཁྱེར་17དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་ཚོས་ལོ་ལྟར་བོད་སྐྱོར་དགེ་རྒན་བརྒྱ་ལྷག་ཙམ་ལས་གྲུབ་པའི་ཚོགས་པ་མངགས་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་བྱས་པ་མ་ཟད། བོད་ཀྱི་སློབ་གྲྭ་འབྲིང་ཆུང་གིས་ཀྱང་ལོ་ལྟར་རྐང་འཛིན་དགེ་རྒན་དང་སློབ་གྲྭའི་དོ་དམ་ལས་བྱེད་པ་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་། གྲོང་ཁྱེར། ཁོངས་གཏོགས་མཐོ་སློབ་བཅས་སུ་གནས་སྦྱར་སྦྱོང་བརྡར་དང་གཅིག་སྡུད་གསོ་སྦྱོང་བྱེད་པར་བཏང་ཡོད།
གྲངས་གཞི་ལས། 2021ལོར་རོགས་སྐྱོར་བྱ་ཡུལ་བོད་ཀྱི་སློབ་གྲྭ་ནས་མཐོ་རྒྱུགས་ལ་རྒྱུགས་འཕྲོད་ཚད་དང་། དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད། གཙོ་གནད་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད། ལྗོངས་ནང་ཁུལ་གྱི་འབྲིང་རྒྱུགས་ཁྲོད་གཙོ་གནད་མཐོ་འབྲིང་དང་མཐོ་འབྲིང་དཀྱུས་མར་ཚུད་ཚད་སོགས་ཚང་མ་བརྟན་པོའི་ངང་འཕར་བ་མངོན་ཡོད།