འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་17ཉིན།

༄༅།།སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་17ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ལིན་ཀྲི་པོ་དང་། ཝང་མིང་ཧྥེང་། སུང་ཧའོ་ཤིན། ཝང་ཤིན་ཀྲན། ལི་ཁའེ་ཤོན།
     ལོ་བཅུའི་རིང་། སི་ཁྲོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་དངོས་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་བ་བཅས་བྱས་པས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད།
     སི་ཁྲོན་ཞིང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། “ཆབ་སྲིད་ལ་སྣང་ཆེན་དང་། འཕེལ་རྒྱས་ལ་དམ་འཛིན། དམངས་འཚོར་ཕན་འདོགས་པ། བདེ་འཇགས་འགན་ལེན”བཅས་ཀྱི་ལས་ཀའི་སྤྱིའི་བསམ་ཕྱོགས་མཐའ་འཁྱོངས། སྙིང་སྟོབས་ཆེར་སྐྱེད་དང་། ཡིད་ཆེས་བརྟན་པོ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་རེ་རེ་བཞིན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། དཔལ་འབྱོར་འཕེལ་རྒྱས་བརྟན་པོ་རྒྱུན་འཁྱོངས། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས། སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།
     སེམས་ནུས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་ཞིང་ཆེན་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་ལག་ལེན་བསྟར་ནས་དབུལ་སྐྱོར་བྱ་ཡུལ་དབྱེ་འབྱེད་གནད་སྨིན་དང་། ཚང་བཤེར་ཆད་གསབ་གནད་སྨིན། དབུལ་སྒྲོལ་ཞྭ་འཕུད་ལ་ཞིབ་བཤེར་རྩིས་ལེན་གནད་སྨིན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཡོད། ལོ་8དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། 2020ལོའི་ལོ་མཇུག་བར་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་625ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་88ཚང་མ་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་11501ཚང་མ་ཕྱིར་འཐེན་ཐུབ་པ། གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཡང་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་པ་བཅས་བྱུང་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཡོད།
     དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་འབྲེལ་མཐུད་ནུས་ལྡན་བྱས་ནས་སི་ཁྲོན་ཞིང་ཆེན་གྱིས་ཐོན་ལས་དར་རྒྱས་ཆེ་བ་དང་། སྐྱེ་ཁམས་སྡོད་མལ་རུང་བ། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ཕན་སྨིན་ཆེ་བ། འཚོ་བ་འབྱོར་ཞིང་ཕྱུག་པ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།
     ཏེ་དབྱང་གྲོང་ཁྱེར་ལུའོ་ཅང་ཆུས་ཤིན་ཧྲེང་གྲོང་རྡལ་དུ་མུའུ་ཁྲི་ཟིན་པའི་པད་མའི་མེ་ཏོག་རླུང་བུ་དང་བསྟུན་ནས་གཡོ་བཞིན་མཆིས། ཤིན་ཧྲེང་ཐན་ཨེ་ཀྲུང་ཤིན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གིས“ཡུལ་སྐོར་དང་གསོ་ཚགས་ཟུང་དུ་འབྲེལ་བའི”དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་བཏོད་ཅིང་། མཉམ་ལས་ཁང་དེའི་ལས་འཛིན་པ་ཙེང་ཏིང་ཧྥུའུ་ཡིས“ད་ཆ་གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་ཇུས་ཡོད་པས་ང་ཚོའི་འདི་ཁུལ་དུ‘པད་མའི་མེ་ཏོག་གི་དཔལ་འབྱོར’འཕེལ་རྒྱས་ལ་སྐུལ་ལྕག་གཏོང་བ་མ་ཟད། ད་དུང་སྲིད་གཞུང་གིས་ཚང་མར་ལྗོངས་གཟིགས་ལམ་དང་སྐྱེ་ཁམས་རླངས་འཁོར་འཇོག་ས་ཡང་བསྐྲུན་ཡོད”ཅེས་བརྗོད་པ་དང་། ཁོང་གིས་འབབ་འཕར་གྱི་ལམ་བུ་ཡངས་སུ་ཕྱིན་ནས་ཚང་མའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད་ཅེས་བརྗོད།
     འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་སི་ཁྲོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
     2020ལོའི་ཟླ་1ཚེས་3ཉིན། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་གཏན་འབེབས་བྱས་ཡོད། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱ་བསྐྲུན་རྒྱུ་འཐབ་ཇུས་ཀྱི་སྣེ་ཁྲིད་ལ་བརྩིས་ནས་སི་ཁྲོན་ཞིང་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་ཇུས་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་གྱི་རྣམ་པ་གསར་པ་གཏོད་པ། དེང་རབས་ཐོན་ལས་ཀྱི་མ་ལག་གསར་པ་སྐྲུན་པ། གསར་གཏོད་ལ་བརྟེན་ནས་ལེགས་ཆ་གསར་པ་གཏོད་པ། ཕྱོགས་ཡོངས་སྒོ་དབྱེའི་འཕེལ་ཕྱོགས་གསར་པ་ཆགས་པ་བཅས་བྱས་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ཀྱི་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།
     བསྡོམས་རྩིས་བྱས་པར་གཞིགས་ན། ཁྲེང་ཏུའུ་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་སྡེ་ཚན་ཁག་དང་། གྲོང་ཁྱེར་དང་ཀྲོའུ་ཆུས་རྫོང་ཁག ཁྱབ་ཁོངས་ཁག་བཅས་ཀྱིས་མིག་སྔར་མཉམ་ལས་གྲོས་མཐུན་500ལྷག་ཙམ་ལ་མིང་རྟགས་བཀོད་པ་རེད། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱའི་མཉམ་སྐྲུན་རྣམ་གྲངས་གལ་ཆེན་160ཡི་ཁྲོད་151ལས་འགོ་ཚུགས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3944བཏང་ཡོད།
     མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་བཏང་བ།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་བྱས་པས། ཞིང་ཆེན་དེ་ཡོངས་ཀྱི་མཁའ་རླུང་ལེགས་པའི་ཉིན་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། བཤགས་ངོས་ཀྱི་ཆུའི་སྤུས་ཚད་ལོན་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ། ས་རྒྱུའི་སྦགས་བཙོག་གི་ཉེན་ཁ་དོ་དམ་དང་ཚོད་འཛིན་ཡག་པོ་ཐུབ་པ་བཅས་ཁོར་ཡུག་ལེགས་སུ་ཕྱིན་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དང་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱིས་སི་ཁྲོན་གྱི་ས་གཞི་ཆེ་མོར་མུ་མཐུད་ཕན་བདེ་བསྐྲུན་རྒྱུ་རེད།
     2020ལོའི་ཟླ་6ཚེས་24ཉིན། རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མཇུག་ཤོས་ཡིན་པའི་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཨ་པུ་ལུའོ་ཧ་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་དེ་སྔ་ལྟར་གཡང་གཟར་འཛེགས་དགོས་མེད་ལ་འབྲེང་ཟམ་ཡང་སྒྲོལ་དགོས་ཀྱི་མེད། ལོ་གཉིས་སོང་རྗེས་གྲོང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཟོག་འདྲེན་རླངས་འཁོར་གྱིས་ཚོང་ཟོག་གསར་པ་འཁྱེར་ཡོང་བ་དང་། གྲོང་ཚོར་ཞབས་འདེགས་ཞུ་བར་ཡོང་མཁན་སྨན་པ་དང་དགེ་རྒན་མང་དུ་ཕྱིན་པ། ཁྱིམ་ཚང་ཚང་མས་ཁང་པ་གསར་པ་བརྒྱབ་པ་མ་ཟད། ན་གཞོན་མང་པོ་ཞིག་གིས་ཡུལ་གཞན་གྱི་མནའ་མ་བསུས་ཡོད།
     དམངས་འཚོའི་ལས་དོན་དེ་དག་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་གྱི་ལོ་འཁོར་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་དམངས་འཚོའི་གཏོང་སྒོའི་བསྡུར་ཚད་65%ཡན་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་ཐུབ་ཚད་ལོ་རེར་ཆ་སྙོམས་མི་ཁྲི་100ལྷག་ཙམ་ཟིན་གྱི་ཡོད་པ་རེད།
     ལོ་བཅུའི་རིང་། སི་ཁྲོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་ཀྱིས་ནུས་ཤུགས་གཅིག་ཏུ་བསྡུས་ཏེ་འཕེལ་རྒྱས་ལ་དམ་འཛིན་དང་བློ་གཅིག་སེམས་གཅིག་གིས་དམངས་འཚོར་ཕན་པ་བཏགས་ནས། ཞིང་ཆེན་སྟོབས་ཆེར་གཏོང་བ་དང་མི་དམངས་ཕྱུག་པོར་གྱུར་བའི་དུས་རབས་ཀྱི་བརྗོད་དོན་སྔར་བས་བརྩམས་པས་སི་ཁྲོན་མི་དམངས་ཁྲི་9100ཡི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་ཡོད།