འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་17ཉིན།

༄༅།།བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་7000ཙམ་གྱིས་བོད་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་པ།

——ཉེ་བའི་ལོ་10ཙམ་རིང་བོད་སྐྱོར་དབུལ་སྐྱོར་གྱི་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་171ལྷག་ཙམ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་17ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་ཁེ་ལས། ཞིང་ཆེན་དང་གྲོང་ཁྱེར་17བཅས་ནས་ཡོང་བའི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་2114ཡིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་དགུ་པའི་རྒྱུན་བསྐྱངས་ནས། དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔ་རྗེས་སུ་ལས་བྱེད་པ་དང་ཤེས་ལྡན་མི་སྣ་7000ཙམ་བོད་ཀྱི་ལས་དོན་ལ་རོགས་སྐྱོར་བྱེད་པར་བཏང་སྟེ། བོད་སྐྱོར་ལས་དོན་ལ་གཏོང་ཆ་གཏོང་ཤུགས་མུ་མཐུད་ཤུགས་ཆེ་རུ་བཏང་བ་དང་།“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཐོན་ལས་བོད་སྐྱོར་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་བཅས་རེད།
     — བོད་སྐྱོར་ལས་དོན་ལ་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། 2021ལོར་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་གྱིས་བོད་སྐྱོར་རྣམ་གྲངས་ཁྱོན་807ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་402བཏང་ཡོད། ཉེ་བའི་ལོ་10ཡི་རིང་བོད་སྐྱོར་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་171ལྷག་ཙམ་བཏང་བ་དང་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་2311ལག་བསྟར་བྱས་ཏེ་ནང་སའི་རྫོང་དང་ཆུས་284དང་བོད་ཀྱི་རྫོང་དང་། ཆུས། ཤང་དང་གྲོང་རྡལ་བཅས་332དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་། མང་ཚོགས་ཁྲི་23ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ནས་བོད་ཀྱི་དམངས་འཚོ་ལེགས་གཏོང་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་ཕྱོགས་ཡོངས་ནས་རོགས་རམ་བྱས་ཡོད།
     — “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། 2015ལོ་ནས་བཟུང་སྨན་བཅོས་ཤེས་ལྡན་མི་སྣ་དང་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྔ་རྗེས་སུ་སྤེལ་འགོ་ཚུགས་པ་རེད། ལོ་8རིང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཁག་ཐེངས་8ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་1500ཙམ་སྔ་རྗེས་སུ་བོད་དུ་ཡོང་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་ཚང་མ“རིམ་གསུམ་སྨན་ཁང”དུ་བསྐྲུན་ནས་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། 2021ལོའི་ལོ་མཇུག་བར་བོད་ཀྱིས“ནད་ཆེན”རིགས་ཁག་400ལྷག་ཙམ་རང་སྐྱོང་ལྗོངས་ནང་སྨན་བཅོས་ཐུབ་པ་དང“ནད་འབྲིང”རིགས་ཁག་2400ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་ནང་སྨན་བཅོས་ཐུབ་པ། རྒྱུན་མཐོང་ནད་དང་ཐོན་སླ་བའི་ནད་རྫོང་དང་ཆུས་ནང་སྨན་བཅོས་ཐུབ་པ་བཅས་བྱུང་ཡོད།
     — ཐོན་ལས་བོད་སྐྱོར་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་དང་བོད་སྐྱོར་ཚན་པས་སྐྱེད་སྲིང་དང་ནང་འདྲེན་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྱད་ལྡན་ལེགས་ལྡན་ཐོན་ཁུངས་གསར་སྤེལ་བྱེད་པ་དང་། ཐོན་ལས་གླིང་མཉམ་དུ་གཏོད་པ། སྔོན་ཐོན་ཉམས་མྱོང་བསྡུ་ལེན་བྱེད་པ། ཚོང་འགུགས་མ་འདྲེན་བྱེད་པ། འཛད་སྤྱོད་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་བས་ཐོན་ལས་བོད་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། ཁ་གཏད་བོད་སྐྱོར་བྱེད་རྒྱུ་དེ་བོད་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲིད་སྟོན་གལ་ཆེན་དུ་གྱུར་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། གྲོང་གསེབ་ཡུལ་སྐོར་ལས་རིགས་སོགས་བོད་ཀྱི་ས་གནས་ཀྱི་ཁྱད་ཆོས་དང་ལེགས་ཆ་ཆེ་ཙམ་ལྡན་པའི་ཐོན་ལས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུར་རམ་འདེགས་བྱས་པ་དང་། ལྷ་ས་སྐལ་བཟང་ཐང་དེང་རབས་ཐོན་ལས་དཔེ་སྟོན་གླིང་དང་ཉིང་ཁྲི་ཀོང་ཉིང་ཐོན་ལས་གླིང་སོགས་ཁྱད་ལྡན་ཐོན་ལས་གླིང་ཁག་གཅིག་བཏོད་པ། ཁ་གཏད་བོད་སྐྱོར་ལས་སྟེགས་ཀྱི་ནུས་པར་བརྟེན་ནས་ཚོང་འགུགས་མ་འདྲེན་ཧུར་ཐག་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།