འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་16ཉིན།

༄༅།།མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་16ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཧྥུང་།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་ཐེངས་གཉིས་གནང་བར་ཕེབས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་པ། མི་རིགས་ཁག་གི་མི་དམངས་དང་ས་མཐོའི་ས་གཞི་ཆེ་མོར་བརྩེ་བ་ཟབ་མོ་བཅངས་ཤིང་། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས”ཞེས་མངགས་བཅོལ་ཟབ་མོ་བཏོན་གནང་ནས་མཚོ་སྔོན་འཕེལ་རྒྱས་ཆེད་བརྗིད་ཆེའི་འཆར་གཞི་བཀོད་གནང་བ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།
     ལོ་བཅུའི་རིང་། མཚོ་སྔོན་གྱིས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་འབད་འབུངས་ཡར་བརྩོན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མགྱོགས་མྱུར་འཕར་བ་དང་། འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་མཐོ་ཤོས་རྒྱུན་འཁྱོངས་ཐུབ་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་མཐུན་འཕྲོད། གསར་གཏོད་སྒོ་དབྱེ། ཤེས་དཔལ་ཞི་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དྭངས་གསལ་བཅས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་བཏོན་ཡོད། ད་ཆ་དེ་བས་མཛེས་སྡུག་དང་། འབྱོར་ཕྱུག ཞི་མཐུན་བཅས་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དང་གཙང་གསུམ་ཆུ་འགོར་བཀྲག་མདངས་འཚེར་པོས་བྲིས་དང་འབྲི་མུས་རེད།
     རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་བ།
     མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཐེངས་གཉིས་ཕེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་སྲུང་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། 2016ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ལྡན་ས་ནི་སྐྱེ་ཁམས་རེད”ཅེས་ནན་བཤད་གནང་བ་དང་། 2021ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཡིན་པས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཏན་ཏིག་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
     སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། གཙང་གསུམ་ཆུ་འགོ་སྲུང་སྐྱོང་། སའི་གོ་ལའི་གླིང་སྣེ་གསུམ་པ་སྲུང་སྐྱོང་ཡག་པོ་བཅས་བྱ་རྒྱུ་ནི་མཚོ་སྔོན་གྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་འགོ་ཚུགས་ནས་བཅོས་སྐྱོང་ནུས་ལྡན་དང་སྙིང་རུས་གཏན་འཁྱོངས་བྱས་པས། མཚོ་སྔོན་གྱི་སྐྱེ་ཁམས་མིང་བྱང་སྔར་བས་ཤུགས་ཆེ་རུ་ཕྱིན་ནས་ལྗང་མདོག་གི་རྩ་བ་སྔར་བས་བརྟན་དུ་ཕྱིན་ཡོད།
     ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ།
     མིག་སྔར། མཚོ་སྔོན་གྱི་2022ལོའི“ལྗང་མདོག་གློག་ཤུགས་གཟའ་འཁོར་ལྔའི”ནུས་རྒྱུ་གཙང་མའི་གློག་མཁོ་འདོན་བྱེད་སྒོ་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། དེ་ནི་མཚོ་སྔོན་གྱིས་2017ལོ་ནས་བཟུང་ལོ་དྲུག་བསྟུད་མར་ལྗང་མདོག་གློག་ཤུགས་གསར་གཏོད་འཚོལ་ཞིབ་བྱེད་པའི་ལག་ལེན་བྱེད་སྒོ་ཞིག་ཡིན་པ་དེས་ཟིན་ཐོ་གསར་པ་ཐེངས་མང་བཏོད་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2021ལོའི་ཟླ་6པར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་ལེགས་སུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་དང་དགེ་སྤེལ་སྐྱོན་སྤོང་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
     མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ས་མཐོའི་ཐུན་མོང་མ་ཡིན་པའི་རླུང་དང་འོད་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་ནུས་རྒྱུ་གཙང་མ་འཛུགས་སྐྲུན་བྱེད་པའི་མྱུར་ཚད་མགྱོགས་སུ་བཏང་ཞིང་། ན་ནིང་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནང་ནུས་རྒྱུ་གཙང་མས་བཟུང་ཚད་90.83%དང་ནུས་རྒྱུ་གསར་པས་61.36%བཟུང་ནས་རྒྱལ་ཡོངས་ཀྱི་མཐོ་ཤོས་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དང་། འཛམ་གླིང་ཐོག་ཆེད་མངགས་ནུས་རྒྱུ་གཙང་མ་ཕྱིར་སྐྱེལ་བྱས་ནས་བསྐྲུན་པའི་ཆེད་མཐོ་གནོན་སྐུད་ལམ་ཐོག་མ(མཚོ་སྔོན—ཧོ་ནན་±ཆན་ཕུའུ་ཆེད་མཐོ་གནོན་ཐད་རྒྱུག་འདུ་འགོད)དེ་དངོས་སུ་སྤྱོད་འགོ་ཚུགས་པ། ས་མཐོའི་ལྗང་མདོག་གློག་རྒྱུན་མི་ཆད་པར་ཞིང་ཆེན་ཕྱིར་བཏང་ནས“ཐཱན་གཉིས”དམིགས་ཚད་མངོན་འགྱུར་ཡོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ལག་རྩལ་གསར་གཏོད་དང་བགྲོད་ལམ་འཛུགས་སྐྲུན་བྱས་པ་བརྒྱུད། དྭངས་གཙང་ནུས་རྒྱུའི་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་པ་དེས་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་གྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
     འཆམ་མཐུན་ཁྱིམ་གཞིས་མཉམ་དུ་བསྐྲུན་ནས་དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་བཏང་བ།
     2021ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་མེད་དུ་མི་རུང”ཞེས་ནན་བཤད་གནང་བ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་གྱི་རྫོང་དབུལ་པོ་42ཀྱི་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ་དབུལ་པོ་1622ཚང་མ་དབུལ་གྲལ་ནས་དོན་པ། མི་འབོར་དབུལ་པོ་ཁྲི་53.96ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་དབུལ་ནག་དང་ས་ཁོངས་རང་བཞིན་གྱི་དབུལ་སྒྲོལ་ཚང་མ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས་ཡོད། དབུལ་ཞྭ་འབུད་པ་ནི་མཇུག་མཐའ་ཞིག་མིན་པར། དེ་ནི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་ཞིག་རེད། ད་ཆ་མཚོ་སྔོན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་39དང་གྲོང་ཚོ་225ལ་གྲོང་གསེབ་དར་རྒྱས་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
     དབྱར་དུས་ཀྱི་མཚོ་ཆེན་པོའི་བྱང་ངོགས་སུ་ཡུལ་སྐོར་བས་ཁེངས་ཞིང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་དཀོལ་ལོ་ཚང་ཞོལ་མ་གྲོང་ཚོའི་རི་ལྡེབས་སུ་བོད་བཟོའི་ཤིང་ཁང་ཆུང་ཆུང་མང་པོ་འགྱིང་ངེར་གནས་པ་དང་། ཀྱག་ཀྱོག་ལམ་ཆུང་ཤིང་ཁང་ཆུང་ཆུང་གི་གང་སར་སྦྲེལ་མཐུད་ཐུབ་ཡོད།
     དེ་ནི་གངས་རི་མེ་ཏོག་སྤྲོ་གསེང་གྲོང་ཚོ་ཡིན་པ་དང་། གཉེར་སྐྱོང་བ་ནི་ལོ་རྒན་དྲུག་ཅུར་སླེབས་པའི་དཀོལ་ལོ་ཚང་ཞོལ་མ་གྲོང་ཚོའི་གྲོང་མི་རིན་ཆེན་ཚེ་རྣམ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ལ་བརྟེན་ནས་དཀོལ་ལོ་ཚང་ཞོལ་མ་གྲོང་ཚོ་རྫོང་གྲོང་གི་འགྲམ་དུ་སྤོས་པ་དང་རིན་ཆེན་ཚེ་རྣམ་སྡོད་ཁང་གསར་པའི་ནང་སྤོས་པས་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་ཤར་རླུང་ལ་བརྟེན་ནས་རིན་ཆེན་ཚེ་རྣམ་གྱིས་འབྲོག་ལས་ལ་བརྟེན་ནས་སྤྲོ་གསེང་གླིང་བཙུགས་པ་མ་ཟད། ད་དུང་གྲོང་ཚོ་དེ་གའི་འབྲོག་པ་10ལྷག་ཙམ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཀྱང་བྱས་པ་རེད།
     རྒས་དུས་འཚོ་རྟེན་ཡོད་པ་དང་། བྱིས་པར་སློབ་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ནོར་སྲིད་གཏོང་སྒོའི་75%ཡན་དམངས་འཚོར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས“སུའི་ཆེད་དུ་ཡིན་པ་དང་། སུ་ལ་བརྟེན་དགོས་པ། རང་ཉིད་སུ་ཞིག་ཡིན་པ”བཅས་ཀྱི་བརྗོད་གཞི་གལ་ཆེན་ལ་ལན་བཏབ་པ་དང་། ཞིང་ཁྱིམ་ཁྲི་སྟོང་མང་པོ་ནས་རྩྭ་ཐང་གི་འབྲོག་ར་བར་དང་། གངས་ལྗོངས་ས་མཐོ་ནས་རྒྱ་ཆེ་བའི་མཚོ་འགྲམ་གྲོང་ཁྱེར་བར་ས་མཐོའི་ས་གཞི་ཆེ་མོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དག་འཛུམ་མདངས་འཕྱུར་བའི་ངོ་གདོང་ནས་མངོན་བཞིན་མཆིས།