འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་16ཉིན།

༄༅།།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་བརྩམས།

ནུས་རྒྱུ་གཙང་མ་ལེགས་པར་སྤྱད་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བཏང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་16ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ནུས་རྒྱུ་གཙང་མ་ལེགས་པར་སྤྱད་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བཏང་།
    ནུབ་བྱང་ས་མཐོར་གནས་པའི་མཚོ་སྔོན་ལ་ནུས་རྒྱུ་གསར་པ་གསར་སྤེལ་བྱེད་པར་བེད་སྤྱོད་ཆོག་པའི་ཐང་རྒོད་ས་ཆ་ཧ་ལམ་སྤྱི་ལེ་གྲུ་བཞི་མ་ཁྲི་10ཙམ་ཡོད། མཛེས་ལྗོངས་ལྟ་ན་སྡུག་ཀྱང་འགྱུར་ཤས་ཆེ་ལ་བར་མཚམས་རང་བཞིན་ཅུང་ཆེ་བས། གཏན་འཇགས་རང་བཞིན་གྱི་དཀའ་གནས་ལས་ཇི་ལྟར་སྒྲོལ་ལམ།
    མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་བསྐྱར་སྤྱོད་ཆོག་པའི་ནུས་རྒྱུ་རྟེན་གཞིར་དོས་སྒམ་དཀར་པོ་མང་པོ་གྲལ་སྟར་བསྒྲིགས་འདུག “དོས་སྒམ་ནང་གློག་གསོག་སྣོད་ཆས་དང་ཚོད་འཛིན་འཕྲུལ་ཆས་བསྒར་བ་དང་། གློག་གསོག་འབོ་ལྟ་བུའི་དོས་སྒམ་དེས་ཉིན་མོར་ནུས་རྒྱུ་གཙང་མ་མཁོ་སྤྲོད་འདང་ངེས་ཡོད་དུས་གློག་ནུས་གསོག་འཇོག་བྱེད་པ་དང་། དགོང་མོར་མཁོ་སྤྲོད་མི་འདང་བའི་སྐབས་ནུས་རྒྱུ་ཕྱིར་གཏོང་གིས་ནུས་རྒྱུ་གཙང་མའི་འདོན་སྤྲོད་ཆ་སྙོམས་དང་བརྟན་པར་བྱེད་ཀྱི་ཡོད”ཅེས་བཀོད་འདོམས་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ལེ་ཡུང་པིན་གྱིས་ངོ་སྤྲོད་བྱས།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གསོག་འཇོག་དང་བསྐྱར་སྤྱོད་ཆོག་པའི་ནུས་རྒྱུ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ནུས་རྒྱུ་གསོག་འཇོག་དང་ཆེ་སྒང་སྙོམས་སྒྲིག་གི་ནུས་ཕྱོད་སྔོན་ལ་འདོན་སྤེལ་བྱས་ནས། ཆན་ཝ་ཁྲི་37.6ཟིན་པའི་ནུས་རྒྱུ་གསོག་འཇོག་རྣམ་གྲངས་བསྐྲུན་ཡོད།
    ན་ནིང་མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་མཉམ་དུ《མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་ནས་བྱ་སྤྱོད་ཇུས་གཞི(2021ལོ་ནས་2030ལོ)》བཀྲམ་སྟེ། སྤུས་ཚད་མཐོན་པོས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་གཏོད་བྱེད་པར་འཕེལ་རྒྱས་ཀྱི་དམིགས་ཚད་དང་བྱ་ཐབས་གཏན་འཁེལ་བྱས་ཡོད།
    ན་ནིང་གི་ལོ་མཇུག་བར་མཚོ་སྔོན་གྱི་གློག་ཤུགས་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་4286ཟིན་པའི་ནང་། ཆུ་ཤུགས་གློག་གཏོང་ཚད་ཆན་ཝ་ཁྲི་1263དང་འོད་ཤུགས་གློག་གཏོང་ཚད་ཆན་ཝ་ཁྲི་1656ཟིན་ཡོད། ནུས་རྒྱུ་གཙང་མའི་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་90.83%ཟིན་པ་དང་ནུས་རྒྱུ་གསར་པའི་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་61.36%ཟིན་ནས་རྒྱལ་ཡོངས་ཀྱི་མཐོ་ཤོས་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།
    “‘མཚོ་སྔོན་ལྗང་མདོག་གློག་ནུས’ཞེས་པའི་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་བྱ་རིམ་སྤྱད་ཚེ། ཉི་ནུས་དང་། རླུང་ནུས། ཆུ་ནུས་སོགས་ནུས་རྒྱུ་གཙང་མས་བཟུང་བའི་བསྡུར་ཚད་གསལ་པོར་མཐོང་ཐུབ། མི་ཚང་མའི་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བཞིན་འདུག”ཅེས་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱི་གྲོང་མི་ལེ་ཤོན་ཡིང་གིས་བརྗོད།
    རྒྱུན་འཛིན་དང་གསར་གཏོད་གལ་ཆེ་མཉམ་འཛིན་གྱིས་ཕུལ་བྱུང་རིག་གནས་དར་སྤེལ་བཏང་བ།
    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཅ་ཡ་གྲོང་ཚོའི་ཅ་ཡ་བོད་རུམ་འཁལ་འཐག་ལག་ཤེས་བཟོ་རྩལ་ཁྲིད་སྦྱོང་བྱ་ཡུལ་དུ། དབྱང་ཡུང་ལེང་གི་མདུན་གྱི་ཐགས་ཁྲིའི་སྟེང་གཞན་གྱིས་མངགས་པའི་བོད་རུམ་གཅིག་འཐག་ཟིན་འདུག བོད་རུམ་སྟེང་གི་ཤིང་པད་མའི་མེ་ཏོག་དམར་པོ་མངོན་སུམ་ལྟར་དུ་སྣང་ཞིང་། སློབ་མ་བཅུ་གྲངས་ཁོང་གི་འགྲམ་དུ་ལངས་ནས་བོད་རུམ་འཐག་སྟངས་སྐོར་ཞིབ་ཕྲའི་ངང་འདྲི་བཞིན་འདུག
    མཚོ་བོད་ས་མཐོར་བོད་རུམ་འཐག་པར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན། 2006ལོར། ཅ་ཡ་བོད་རུམ་འཁལ་འཐག་ལག་ཤེས་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་བཅུག་པ་དང་། དབྱང་ཡུང་ལེང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་པ་རེད།
    རྒྱུན་ཆད་མེད་པར་དུས་བསྟུན་འཕེལ་རྒྱས་དང་གཞུང་འཁྱོངས་གསར་འབྱེད་བྱས་ཚེ། སྲོལ་རྒྱུན་ལག་ཤེས་གཞི་ནས་རྒྱུན་འཛིན་ཐུབ་པ་དང་འཕེལ་རྒྱས་ཡག་པོ་འགྲོ་ཐུབ། བློ་ཁོག་ཆེན་པོས་ཚོས་སྦྱོར་བ་དང་། ཆེ་ཆུང་སྣ་ཚོགས་འཛོམས་པ། སྤྱོད་གོ་མང་བ་སོགས་ལོ་འདི་དག་རིང་དབྱང་ཡུང་ལེང་གིས་གསར་གཏོད་ཐད་ཤུགས་ཆེན་པོ་བརྒྱབ་ཡོད།
     དབྱང་ཡུང་ལེང་གིས་ལག་རྩལ་བློ་འདྲིའི་འགན་ཁུར་བའི་མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ཧ་ཅང་ལྟ་ན་སྡུག་པའི་བོད་རུམ་མང་པོ་འགྲེམས་སྟོན་གྱང་ངོས་སུ་བཀལ་འདུག ཀུང་སིའི་འགན་འཁུར་བ་ཞུའེ་ཐིང་གིས་ཀུང་སིའི་ལོ་རེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་4000ལྷག་ཙམ་ཟིན་པ་དང་། རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ལ་ཐོན་རྫས་འཚོང་གི་ཡོད་ཅེས་ངོ་སྤྲོད་བྱས།
    མཚོ་སྔོན་དུ་ཧྭར་དམངས་གཞས་དང་རྨ་ཙོང་ཀོ་བརྙན་ཟློས་གར་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་88ཡོད་པ་དང་། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་238ཡོད་པ་ཚང་མ་རྒྱུན་འཛིན་དང་འཕེལ་རྒྱས་ཐུབ་ནས་གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་རབ་ཏུ་འཕེལ།
    མིག་སྔར། མཚོ་སྔོན་དུ་མངོན་མིན་རིག་གནས་ཤུལ་བཞག་གི་ལས་ཞུགས་བཟོ་ཁང་33དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་5དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་7གྱི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྟེན་གཞི་27བཅས་བཙུགས་ཏེ་ཐོན་ལས་མཉམ་འདྲེས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་རམ་འདེགས་བྱས་པ་རེད།
    གཙང་གསུམ་ཆུ་འགོར་སྲུང་སྐྱོང་བྱས་པས་ཆུ་སྤུས་རྒྱུན་མཐུད་ལེགས་སུ་ཕྱིན་པ།
   ཉེ་ལམ་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་འབྲི་ཆུ་དང་། རྨ་ཆུ། མཚོ་སྔོན་པོ་སོགས་གཙོ་གནད་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། ཙོང་ཆུའི་རྒྱུག་ཁོངས་ཀྱི་བཙོག་ཆུ་གློད་སར་ལྟ་ཞིབ་ཁུངས་འདེད་དང་རྨ་ཆུའི་ཆུ་གཞུང་གི་བཙོག་ཆུ་གློད་སར་མི་ཐབས་ལ་བརྟེན་ནས་གྲལ་བཤེར་བྱས་ཏེ་རྨ་ཆུའི་རྒྱུག་ཁོངས་གཙང་བཟོའི་བྱ་སྤྱོད་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
    མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ“སྐྱེ་ཁམས་སྐར་ཁུང”གི་རྒྱང་ཁྲིད་བརྙན་ལམ་ལྟ་དཔྱད་མ་ལག་གི་བརྙན་ཤེལ་ཆེན་པོ་ནས་བཙོག་ཆུ་གློད་ས་ཁག་གི་དུས་ཐོག་གློད་གཏོང་གྲངས་གཞི་གསལ་པོར་མཐོང་གི་ཡོད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཆུ་སྤུས་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཞིང་། 2021ལོར་རྒྱལ་ཁབ་ཀྱི་ཆུ་ངོས་དཔྱད་ཞིབ་ཁྲོད་མཚོ་སྔོན་གྱི་ཆུ་བོའི་ཆུ་སྤུས་ལེགས་པོ་ཡིན་པའི་བསྡུར་ཚད་100%ཟིན་པ་དང་། ཞིང་ཆེན་གཞན་དུ་རྒྱུག་པའི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གཙང་པོ་ཆེན་པོ་གསུམ་གྱི་ཆུ་སྤུས་ཡུན་རིང་Ⅱརིགས་དང་དེ་ཡན་དུ་རྒྱུན་འཁྱོངས་བརྟན་པོ་ཐུབ་པ་དང་། ཞིང་ཆེན་གཞན་དུ་རྒྱུག་པའི་ཙོང་ཆུ་ཆུ་སྤུས་Ⅲརིགས་ལ་སླེབས་ཡོད་པ་རེད།
   མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ན་ནིང་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་95.6%ཟིན་ཡོད། ཆུ་འགོའི་ཁུལ་དུ་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ནས་ཞིང་ཆེན་ཡོངས་སུ་ནགས་ཚལ་ཁྱབ་ཚད་7.5%བར་མཐོ་རུ་ཕྱིན་པ་དང་། ན་ཁའི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་57.8%བར་མཐོ་རུ་ཕྱིན་ལ། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་814.36ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
     ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།
    ཞོགས་པ་སྔ་པོ་ནས་གྲོ་ཀྲ་ཐན་གྲོང་ཚོར་མི་ཚོགས་ཀྱིས་ཁེངས་པ་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཀྲང་ཏུང་གིས་ལོའི་ཡོང་འབབ་བགོ་བའི་ཚོགས་ཆེན་འཚོག་པ་རེད། “ད་ཐེངས་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་436ཟིན་གྱི་འདུག”ཅེས་ཡན་ཀྲང་ཏུང་དང་གྲོང་མི་ཚོར་དགའ་ཚོར་གྱིས་ཁེངས།
     ཁེ་སྤོགས་བགོ་བའི་དངུལ་གང་ནས་བྱུང་ཡོད་དམ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བ་ལས་བྱུང་བ་རེད། གྲོ་ཀྲ་ཐན་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཝུའེ་ཡོན་གྲོང་རྡལ་དུ་གནས་པ་དང་། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། 2018ལོར་གྲོང་ཚོས་མུའུ་110ཡི་གྲམ་ཐང་སོགས་བསྡུ་སྒྲིལ་བྱས་ཏེ་གྲོ་ཀྲ་ཐན་སྐྱེ་ཁམས་རིག་གནས་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ནས་སྐྱེ་ཁམས་སྔོག་འཐུ་དང་དམངས་སྲོལ་ཉམས་ལེན་སོགས་དར་རྒྱས་བཏང་བ་རེད། ཝུའེ་ཡོན་གྲོང་རྡལ་ཏང་རྩ་འཛུགས་ཀྱིས་དུས་དང་བསྟུན་ནས་སྣེ་ཁྲིད་དེ་གྲོ་ཀྲ་ཐན་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་གྲོང་མི་མ་རྐང་ནང་ཞུགས་པ་རེད།
    ཡན་ཀྲང་ཏུང་གིས། ན་ནིང་གི་ལོ་མཇུག་བར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཡོང་འབབ་རིམ་རྩིས་བྱས་ན་སྒོར་ཁྲི་3573ཟིན་པ་དང་གྲོང་མི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.1བར་འཕར་ཡོད་ཅེས་ངོ་སྤྲོད་བྱས།
    མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། མིག་སྔར་ཞིང་ཆེན་ཡོངས་སུ་རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་8དང་དཔེ་སྟོན་ས་ཚིགས་15འཛུགས་གཏོད་བྱས་པ་དང་། རྒྱལ་ཡོངས་ཀྱི་ཁྱད་ལྡན་མཛེས་ལྗོངས་ཡུལ་སྐོར་གྲགས་ཅན་གྲོང་རྡལ་དང་གྲོང་ཚོ་10ཡོད་ལ། གྲོང་གསེབ་ཡུལ་སྐོར་ས་ཚིགས་2325འཕེལ་རྒྱས་བཏང་ཡོད། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་31.2ཟིན་ནས་མི་ཁྲི་10ལས་ཞུགས་ཐུབ་པས་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།